ཆབ་མདོ་གྲོང་ཁྱེར་གྱིས་ཁྲོམ་ཆེན་གཞུང་གི་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་བྱས་པ།
སྤེལ་དུས 2020-03-24
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ། ལྕགས་བྱམས་ཀྱིས་བསྒྱུར།
ཆབ་མདོའི་ཁྲོམ་ཆེན་གཞུང་དེ་བོད་ཤར་རྒྱུད་ཀྱི་མུ་ཏིག་གི་བཀྲག་མདངས་འཚེར་ས་ཞིག་ཡིན། འདི་གའི་རྒྱ་བོད་ཟུང་འབྲེལ་གྱི་སྐྲུན་དངོས་ཀྱི་རྣམ་པ་ནི་ཆབ་མདོས་ཁྱད་ལྡན་གྲོང་ཁྱེར་འཛུགས་སྐྲུན་བྱེད་པའི་མཚོན་རྟགས་ཤིག་ཡིན་པ་དང་དེར་དེ་སྔ་རྒྱལ་ཁབ་ཀྱི་ཁག་དང་པོའི“ཀྲུང་གོའི་སྡོད་མལ་ཁོར་ཡུག་གི་དཔེ་མཚོན་བྱ་དགའ”ཐོབ་མྱོང་ཡོད།
1998ལོ་ནས་2000ལོ་བར་བསྐྲུན་པའི་ཁྲོམ་ཆེན་གཞུང་ནི་དེ་སྔ་ཆབ་མདོའི་མིང་བྱང་ལྟ་བུ་ཡིན། འོན་ཀྱང་ཆབ་མདོ་གྲོང་ཁྱེར་གྱི་གྲོང་ཁུལ་རྙིང་པ་སྒྱུར་བཀོད་རྣམ་གྲངས་ལེགས་སྒྲུབ་བྱས་པ་དང་བསྟུན་ནས་ལོ་20ཡི་ལོ་རྒྱུས་ལྡན་པའི་ཁྱད་ལྡན་སྐྲུན་དངོས་དེར་ཡུན་རིང་ནང་གཅིག་གྱུར་གྱི་སྡེ་ལས་དོ་དམ་དང་ཆེད་ལས་མི་སྣའི་བདག་སྐྱོང་བྱེད་མཁན་མེད་པའི་དབང་གིས་སྡོད་མལ་ཁོར་ཡུག་གི་དཔེ་སྟོན་ཞིག་ནས་རིམ་བཞིན་གྲོང་ཁྱེར་ལྟེ་བའི་ནང་གི་སྐྲུན་དངོས་གོག་ཧྲུལ་ཞིག་ཏུ་གྱུར་ནས་གྲོང་ཁྱེར་གྱི་རྣམ་པར་ཤུགས་རྐྱེན་ཐེབས་ཀྱི་ཡོད་ལ། གྲོང་མིའི་འཚོ་བར་ཤུགས་རྐྱེན་ཡང་བཟོས་ཡོད། ཆབ་མདོའི་ཁྲོམ་ཆེན་གཞུང་དུ་འཚོ་སྡོད་བྱས་ནས་ལོ་བཅུ་ཕྲག་སོང་བའི་བཀྲ་ཤིས་ཚེ་དབང་ལ་དེའི་ཐད་ཚོར་སྣང་ཟབ་མོ་བྱུང་ཡོད།
གྲོང་ལྷན་གྱིས་གནད་དོན་རྦད་དེ་ཐག་གཅོད་མི་ཐུབ་སྟབས་གོང་རིམ་སྡེ་ཚན་ལ་སྙན་སེང་ཞུས་ཤིང་། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་གྲོང་མི་མང་ཚོགས་ཀྱི་འབོད་སྒྲ་དང་རེ་འདོད་ཉན་པ་དང་སྡེ་ཁུལ་གྲོང་མིའི་འཚོ་བའི་དགོས་མཁོར་གཞིགས་ཏེ་ཁྲོམ་ཆེན་གཞུང་གི་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་རྣམ་གྲངས་ལག་བསྟར་བྱ་རྒྱུའི་ཐག་བཅད་པ་རེད། རྣམ་གྲངས་དེ་2019ལོའི་ཟླ་9ཚེས་6ཉིན་ལས་འགོ་ཚུགས་པ་དང་དུད་ཚང་136གི་གྲོང་མི་398དང་ཚོང་དུད་123སྡོད་ཁང་སྒྱུར་བཀོད་ནང་ཚུད་ཡོད།
སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་ལས་གྲྭའི་ཁྱབ་ཁྱོན་ཆེ་ཞིང་ལས་སྒྲུབ་དཀའ་ཚེགས་ཆེ་བ་མ་ཟད། ད་དུང་དཔྱད་གཞིར་འཛིན་ཆོག་པའི་ཉམས་མྱོང་གང་ཡང་མེད་པས་མང་ཚོགས་བློ་ཡིད་ཚིམ་པ་ཞིག་ཇི་ལྟར་ཡོང་བ་བྱེད་དགོས་སམ།
ཆབ་མདོ་གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཅུས་གྲོང་ཁྱེར་འཛུགས་སྐྲུན་ཁོའོ་ཡི་ཁོའོ་ཀྲང་གཞོན་པ་མེ་ཁེ་ཆང་གིས་གསར་འགོད་པར་གྲོང་ལྷན་གྱི་ཚུར་ལན་བསམ་འཆར་གཞིར་བཟུང་གྲོང་ཁྱེར་འཛུགས་སྐྲུན་སྡེ་ཚན་གྱིས་ཨར་སྐྲུན་ཚན་པ་ཁྲིད་དེ་དུད་ཚང་རེ་རེ་བཞིན་ལ་བརྟག་དཔྱད་དང་མི་སེར་གྱི་བསམ་འཆར་བསྡུ་ལེན་བྱས་ཡོད། དེ་ནས་དབྱེ་ཞིབ་གྲལ་བཤེར་ནན་ཏན་བྱས་རྗེས་ཟིན་བཀོད་ཞིབ་ཚགས་བྱས་ཏེ་དུད་ཚང་གཅིག་ཀྱང་མི་ལུས་པ་བྱས་ཡོད་ཅེས་བརྗོད་བྱུང་།
2019ལོའི་ཟླ་12ཚེས་5ཉིན་དུས་ཡུན་ཉིན་90ཡི་ཁྲོམ་ཆེན་གཞུང་གི་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་རྣམ་གྲངས་ལས་མཇུག་འགྲིལ་བ་རེད། རྣམ་གྲངས་འཛུགས་སྐྲུན་བྱེད་ཁོངས་སུ་གྲོང་ཁྱེར་གྱི་བཙོག་ཆུ་བཤང་འབུད་ཀྱི་མདོང་ལམ་སྒྱུར་བཀོད་ལས་གྲྭ་དང་། ཁང་པའི་ཐོག་སྟེང་གི་ཆར་ཆུ་འགོག་པའི་སྒྱུར་བཀོད་ལས་གྲྭ ཁང་པའི་ཕྱི་ནང་གི་བཙོག་ཆུ་བཤང་འབུད་ཀྱི་སྒྱུར་བཀོད་ལས་གྲྭ སྤྱི་པའི་རྨང་གཞིའི་སྒྲིག་བཀོད་ཀྱི་སྒྱུར་བཀོད་ལས་གྲྭ སྤྱི་པའི་མཛེས་ལྗོངས་སྒྲིག་བཀོད་སྒྱུར་བཀོད་ལས་གྲྭ་བཅས་ཚུད་ཡོད།
དུས་ཡུན་ཉིན་90ཡི་སྒྱུར་བཀོད་བརྒྱུད་རིམ་ནང་གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱི་ལས་དོན་མི་སྣར་འགོག་རྐྱེན་མང་པོ་འཕྲད་ཀྱང་ཁོང་ཚོས་རེ་རེ་བཞིན་ཐག་གཅོད་བྱས་ཡོད།
“ང་ཚོས་དངུལ་སྐར་ལི་ཙམ་འདོན་མི་དགོས་པར་སྲིད་གཞུང་གིས་ང་ཚོའི་འཚོ་བའི་ཆ་རྐྱེན་ལེགས་སུ་བཏང་བས་སྲིད་གཞུང་གི་ལས་ཀར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་དགོས་ངེས་རེད། སྲིད་གཞུང་གིས་ས་འོག་ཆུ་འགྲོའི་མདོང་ལམ་བསྐྱར་དུ་བཏིང་པ་དང་། ཁང་པ་གོག་ཧྲུལ་ཉམས་བཟོ་བྱས་པ། ཁྲོམ་གཞུང་གཡས་གཡོན་གྱི་གྱང་ངོས་བསྐྱར་བཟོ་བྱས་པ། ལམ་སྒྲོན་སླར་གསོ་བྱས་པ་སོགས་སྒྱུར་བཀོད་མང་པོ་བྱས་པ་མ་ཟད། ད་དུང་མེ་ཏོག་ལྡུམ་ར་དང་། ཆུ་རྫིང་། སྤྱི་པའི་གསང་སྤྱོད། མཛེས་སྡུག་ལྡན་པའི་ལམ་སྒྲོན་སོགས་ཀྱང་གསར་སྐྲུན་བྱས་ཡོད། མཚན་མོ་ཁྲོམ་ཆེན་གཞུང་དུ་གློག་འོད་རབ་ཏུ་གསལ་བས་ལྟས་པ་ཙམ་གྱིས་སྐྱིད་སྣང་དོད་པོ་ཞིག་འདུག”ཅེས་རྒན་ཡོལ་ཞུས་པའི་དགེ་རྒན་ཆོས་དགའ་ཡིས་རྣམ་པ་གསར་རྐྱང་དུ་གྱུར་པའི་ཁྲོམ་གཞུང་ལ་མཛུབ་མོ་བཙུགས་ཏེ་དགའ་ཚོར་ཆེན་པོས་དེ་ལྟར་བརྗོད་བྱུང་།