——《བྱམས་བརྩེ་མཐར་སོན།—ལི་ཀོང་ལིན་གྱི་བོད་ལྗོངས་བརྗོད་བྱའི་སྣུམ་ཚོན་རི་མོ་འགྲེམ་སྟོན》
ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། འཛམ་གླིང་རྟེན་རྫས་བཤམས་མཛོད་ཁང་གི་ཉིན་མོ་ཐེངས་44པའི་སྐབས་སུ།བོད་ལྗོངས་གཡག་རྟེན་མཛོད་གླིང་གིས་རི་མོ་བ་ལི་ཀོང་ལིན་གྱི《བྱམས་བརྩེ་མཐར་སོན།—ལི་ཀོང་ལིན་གྱི་བོད་ལྗོངས་བརྗོད་བྱའི་སྣུམ་ཚོན་རི་མོ་འགྲེམ་སྟོན》ཞེས་པ་ཐོག་མར་སྤེལ་བ་རེད།
ལི་ཀོང་ལིན་བོད་དུ་ཐེངས་30ལྷག་ཙམ་བསྐྱོད་དེ་བོད་ལྗོངས་ཀྱི་བརྗོད་བྱ་མཚོན་པའི་ཕུལ་བྱུང་བརྩམས་ཆོས་མང་པོ་གསར་རྩོམ་བྱས་པ་རེད།1986ལོར།ལི་ཀོང་ལིན་བོད་དུ་ཐེངས་དང་པོར་སྐྱོད་སྐབས་བོད་ཀྱི་ས་ཆ་དང་ཡུལ་དེའི་བབ་ཆགས་པའི་མི་དམངས་ཀྱིས་ཁོང་ལ་སེམས་འགུལ་ཆེན་པོ་ཐེབས་སུ་བཅུག དེའི་རྗེས་སུ་བོད་ལྗོངས་དང་ལོ་ངོ་སུམ་ཅུ་ལྷག་ཙམ་གྱི་ལས་འབྲེལ་ཆགས་པ་དང་། ཁོང་གིས་སྣུམ་ཚོན་རི་མོ་སྤྱད་དེ་འཛམ་གླིང་ལ་བོད་ལྗོངས་མཐོ་སྒང་འདིའི་བརྩེ་བ་དང་།བྱམས་པ།ཞི་དུལ།དགའ་བ་བཅས་ལེགས་པར་བསྟན་པ་དང་། ཁོས་བརྩམས་ཆོས་བརྒྱུད་དེ་ཁོའི་ཞིབ་ཅིང་ཕྲ་བའི་རྟོག་ཞིབ་དང་བསམ་གཞིགས་ཀྱང་མཚོན་ཡོད།
《བྱམས་བརྩེ་མཐར་སོན།—ལི་ཀོང་ལིན་གྱི་བོད་ལྗོངས་བརྗོད་བྱའི་སྣུམ་ཚོན་རི་མོ་འགྲེམ་སྟོན》འགོ་ཚུགས་མཛད་སྒོའི་ཡུལ་དངོས།
ལི་ཀོང་ལིན་གྱིས་ཀྲུང་གོའི་བོད་ལྗོངས་དྲ་བའི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་པ།
ད་ཐེངས་ཀྱི་འགྲེམ་སྟོན་ཁྲོད་དུ། ལི་ཀོང་ལིན་གྱིས་བྱིས་དུས་ཀྱི་རྣམ་ཤེས་དང་། སེམས་གཏམ། གསོལ་འདེབས།མཐོ་སྒང་གི་བླ་སྲོག་སྟེ་ནོར་གནག་གི་མུ་འབྲེལ་རི་མོ་བཅས་ཚན་པ་བཞི་རུ་དབྱེ་སྟེ། བརྩམས་ཆོས་30ལྷག་ཙམ་འགྲེམས་སྟོན་བྱས་ཡོད་ལ།དེས་གངས་ལྗོངས་མཐོ་སྒང་གི་ཡུལ་སྲོལ་གོམས་གཤིས་མཚོན་ཡོད་པར་མ་ཟད།ཕྲུ་གུ་ཚོའི་ཟོལ་མེད་གཞུང་དྲང་གི་ངོ་གདོང་དང་མཐོ་སྒང་གི་གྲུ་གཟིངས་ཏེ་ནོར་གནག་གི་བློ་བརྟན་འགྱུར་མེད་དང་། གཞུང་རྒྱུད་དྲང་ཞིང་དཔའ་ངར་ལྡན་པ། སྙིང་རྗེ་ཆེ་ཞིང་ལས་ལ་བརྩོན་པའི་གཤིས་ཀ་མངོན་པར་མཚོན་པ་པ་དང་། ད་དུང་ཁོང་གི་འདས་ཟིན་པའི་ལོ་ངོ་སུམ་ཅུ་ལྷག་རིང་གི་སེམས་ཀྱི་འགྲུལ་བཞུད་རིང་མོའི་བྱུང་བ་བརྗོད་པ་སྟེ། བརྩོན་པ་ལྷོད་མེད་ཀྱི་སྒོ་ནས་གསར་རྩོམ་ལ་བྲེལ་བ་དང་། སྙིང་རུས་ཆེན་པོའི་སྒོ་ནས་སྒྱུ་རྩལ་གྱི་མཚོན་སྟངས་དང་མི་ཚེའི་ཕུགས་བསམ་ལ་འཚོལ་སྙེག་བྱེད་པ་བཅས་ཀྱི་སྒྱུ་རྩལ་པ་ཞིག་གི་སེམས་ཀྱི་བཤུལ་ལམ་རིང་མོ་གསལ་པོར་མཚོན་ཡོད།
ཕ་བུ་གཉིས་ཀྱིས་འགྲེམ་སྟོན་ཁང་དུ་རི་མོའི་བརྩམས་ཆོས་ལ་མྱོང་རོལ་བྱེད་པ།
ལི་ཀོང་ལིན་གྱི་སྣུམ་ཚོན་རི་མོའི་བརྩམས་ཆོས།
“1986ལོར་ང་རང་བོད་དུ་ཐེངས་དང་པོར་བསྐྱོད་པ་ཡིན། སྐབས་དེར་མཐོ་སྒང་གི་ཡུལ་སྲོལ་གོམས་གཤིས་ཀྱིས་ང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་།འདིའི་རི་བོ་དང་མཚེའུ། སྤང་ལྗོངས་དང་འབྲོག་ས་སོགས་ནི་ངའི་གསར་རྩོམ་གྱི་བརྗོད་བྱ་གཙོ་བོ་ཡིན།ངས་རང་ཉིད་ཀྱི་སྣུམ་ཚོན་རི་མོའི་གསར་རྩོམ་བརྗོད་བྱ་དེ་བོད་དུ་གཏན་འཁེལ་བྱས་པ་དང་། བོད་ལ་དགའ་ཞེན་དང་དེ་ལས་བྱུང་བའི་སེམས་ཀྱི་ཚོར་བ་དག་སྨྱུ་གུ་ལ་བརྟེན་ནས་བརྒྱུད་སྤེལ་བྱས་པ་ཡིན། མཐོ་སྒང་གི་གསར་རྩོམ་ལས་ང་ལ་བོད་ལྗོངས་དང་ངའི་གཤིས་ཀ་གཉིས་ཧ་ཅང་མཐུན་པའི་ཚོར་སྣང་ཟབ་མོ་བྱུང་བ་དང་། བོད་ཀྱི་མི་སེར་ཕན་ཚུན་དབར་འབྲེལ་འདྲིས་བྱེད་པའི་རྣམ་པ་དེས་ང་ལ་བག་ཆགས་ཟབ་མོ་བཞག་བྱུང་། ལོ་ངོ་སུམ་ཅུའི་རིང་ལ་ངས་རྒྱུན་ཆད་མེད་པར་མྱོང་བ་དང་གསར་རྩོམ་བྱེད་པ་ནི། བོད་ལྗོངས་ཀྱི་བརྩེ་བ་དང་བོད་ལྗོངས་ཀྱི་བདེ་སྐྱིད་མངོན་པར་མཚོན་ནས་ཕྱི་ལ་བརྒྱུད་སྒྲོག་བྱེད་པའི་ཆེད་དུ་ཡིན། ངས་ཐེངས་མང་པོར་བོད་ལྗོངས་ཀྱི་བརྗོད་བྱའི་བརྩམས་ཆོས་འཁྱེར་ནས་འཛམ་གླིང་གི་ས་ཆ་སོ་སོར་སོང་ནས་འགྲེམ་སྟོན་བྱས་པ་ཡིན་ལ། བོད་ལྗོངས་ཀྱི་མཛེས་སྡུག་དང་བོད་ལྗོངས་ཀྱི་བརྩེ་བ། བོད་ལྗོངས་ཀྱི་བདེ་སྐྱིད་བཅས་འཛམ་གླིང་ལ་བརྒྱུད་སྒྲོག་བྱས་པ་ཡིན།འདི་ནི་མིའི་རིགས་ཀྱི་ཆེས་ལྷིང་འཇགས་ཀྱི་མཛེས་དཔྱོད་རྣལ་མ་དེ་རེད།”ཅེས་ལི་ཀོང་ལིན་གྱིས་དེ་ལྟར་བཤད།
ལོ་འདི་འདྲ་མང་པོའི་རིང་གི་བོད་ཀྱི་བག་ཆགས་སྐོར་གླེང་སྐབས། ལི་ཀོང་ལིན་གྱིས་བརྗོད་དོན།“ལོ་འདི་འདྲ་མང་པོ་འདས་སོང་།མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་པ་དང་།བོད་ལ་གནམ་ས་བླ་འོག་ཏུ་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་མ་ཟད། མི་སེམས་འགུལ་བར་བྱེད་པའི་སྟོབས་ཤུགས་ཤིག་གིས་ཁྱབ་ནས་ཡོད།”ཅེས་ཟེར།
ལྟ་སྐོར་བ་ཞིག་གིས་འགྲེམ་སྟོན་ཁང་ནང་གི་འགྲེམས་སྟོན་ལ་ལྟ་བཞིན་པ།
བོད་ལྗོངས་གཡག་རྟེན་མཛོད་གླིང་གི་འགོ་གཙོ་ཝུའུ་ཡུས་ཁྲུའུ་ཡིས་ལི་ཀོང་ལིན་གྱི་བརྩམས་ཆོས་ཐོག་མར་མཐོང་བའི་སྐོར་གླེང་སྐབས།“སྐུ་ཞབས་ལི་ཀོང་ལིན་གྱི་བརྩམས་ཆོས་ལ་ཐེངས་དང་པོར་བལྟས་རྗེས།ཁོང་གི་བརྩམས་ཆོས་ཀྱིས་ང་ལ་སེམས་འགུལ་ཆེན་པོ་ཐེབས་སུ་བཅུག བརྩམས་ཆོས་ཁྲོད་ཀྱི་བོད་ཀྱི་ས་གཞི་དང་མི་དམངས་ལ་བཅངས་པའི་བརྩེ་བས་ང་ལ་སེམས་འགུལ་ཆེན་པོ་ཐེབས། དེར་བརྟེན། ངས་ཁོང་བོད་ལྗོངས་གཡག་རྟེན་མཛོད་གླིང་དུ་རི་མོ་འགྲེམ་སྟོན་བྱེད་པར་གདན་དྲངས་པ་ཡིན།”ཞེས་ཟེར།
ལྟ་སྐོར་བ་ཞིག་གིས་ལི་ཀོང་ལིན་གྱི་རི་མོའི་བརྩམས་ཆོས་ལ་ལྟ་བཞིན་པ།
“ད་ཐེངས་སྐུ་ཞབས་ལི་ཀོང་ལིན་གྱིས་ལོ་ངོ་30ལྷག་ཙམ་རིང་གསར་རྩོམ་བྱས་པའི་བོད་ལྗོངས་བརྗོད་བྱའི་སྤུས་ལེགས་བརྩམས་ཆོས་ཁྱེར་ནས་སྤྱི་ལེ་4500ལྷག་ཙམ་བརྒྱུད་དེ་ལྷ་སར་ཡོང་བ་དང་།གསོན་ཉམས་ལྡན་པའི་བོད་ཀྱི་གཟུགས་བརྙན་དེ་དག་འཁྱེར་ནས་རང་གི་ཕ་ཡུལ་ལྟ་བུའི་བོད་ལྗོངས་ལ་ལོག་པ་རེད། བརྩམས་ཆོས་དེ་དག་བོད་ལྗོངས་གཡག་རྟེན་རྫས་བཤམས་མཛོད་གླིང་དུ་འགྲེམས་སྟོན་བྱས་པས། ང་ཚོའི་སེམས་པ་ཧ་ཅང་དགའ་པོ་བྱུང་།”ཞེས་ཝུའུ་ཡུས་ཁྲུའུ་ཡིས་དེ་ལྟར་བཤད།
འགྲེམ་སྟོན་ཁང་ནང་འགྲེམས་སྟོན་བྱས་པའི་ལི་ཀོང་ལིན་གྱི་རི་མོའི་བརྩམས་ཆོས།
ལི་ཀོང་ལིན་གྱི་སྣུམ་ཚོན་རི་མོའི་བརྩམས་ཆོས།
འགྲེམ་སྟོན་ཁང་གི་ནང་དུ་རི་མོ་མཁས་ཅན་ཀོན་ཅིང་དབྱི་ཡིས་ལི་ཀོང་ལིན་གྱི་རི་མོའི་བརྩམས་ཆོས་ལ་ནན་ཏན་ངང་གཟིགས་བཞིན་ཡོད། ཁོས་བརྗོད་དོན། “ང་དང་དགེ་རྒན་ལི་ཀོང་ལིན་བར་གྱི་འབྲེལ་བ་ནི་ཁོང་གི་རི་མོའི་རྐྱེན་གྱིས་ཡིན།ཁོང་གི་རི་མོ་མཐོང་ཐེངས་རེར་ངའི་སེམས་སུ་སྙིང་ཉེ་བའི་ཚོར་བ་ཞིག་སྦྱིན་པ་དང་། རི་མོའི་མདུན་དུ་ལངས་ནས་ཡུན་རིང་བསྡད་པ་ཡིན།ཁོའི་སྒྱུ་རྩལ་ཆུ་ཚད་ཀྱིས་ང་ལ་སེམས་གཏིང་ནས་དད་གུས་སྐྱེས། ལོ་ངོ་30ལྷག་གི་རིང་ཁོང་གིས་རང་ཉིད་ཀྱི་ཚེ་སྲོག་བོད་ལྗོངས་ཀྱི་ས་གཞི་འདིར་འདྲེས་པར་བྱས་ཡོད།”ཅེས་བརྗོད་པ་དང་། ཀོན་ཅིན་དབྱི་ཡིས་ད་དུང་བརྗོད་དོན།“ངེད་ཚང་གི་མི་རབས་གསུམ་གྱིས་སྒྱུ་རྩལ་གྱི་ལས་ཀ་གཉེར་བ་ཡིན། དེ་བཞིན་བོད་ལྗོངས་ལའང་བརྩེ་བ་ཟབ་མོ་ཡོད་ལ།བོད་ལྗོངས་ཀྱི་ཡུལ་སྲོལ་གོམས་གཤིས་ཀྱིས་སེམས་འགུལ་ཡང་ཐེབས་པར་བྱས་སོང་།”ཞེས་ཟེར།
ལི་ཀོང་ལིན་གྱི་སྣུམ་ཚོན་རི་མོའི་བརྩམས་ཆོས།
ལི་ཀོང་ལིན་གྱི་སྣུམ་ཚོན་རི་མོའི་བརྩམས་ཆོས།
ཤེས་རྟོགས་བྱུང་བར་གཞིགས་ན།《བྱམས་བརྩེ་མཐར་སོན།—ལི་ཀོང་ལིན་གྱི་བོད་ལྗོངས་བརྗོད་བྱའི་སྣུམ་ཚོན་རི་མོ་འགྲེམ་སྟོན》གྱི་འགྲེམ་ཡུན་དུས་ཚོད་ནི་ཟླ་5ཚེས་17ཉིན་ནས་ཟླ་6ཚེས་16ཉིན་བར་ཡིན་པ་དང་། དུས་ཡུན་ཟླ་བ་གཅིག་ཡིན།