དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

མེས་རྒྱལ་སེམས་སུ་ཉར་བའི་དོན་གྲུབ་བཀྲ་ཤིས་ཀྱིས་རྒྱལ་དར་བསྒྲེངས་པའི་གཏམ་རྒྱུད།

སྤེལ་དུས 2020-08-12 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།
འདི་ནི་དོན་གྲུབ་བཀྲ་ཤིས་དང་ཁོའི་བཟའ་ཟླ་ཡེ་ཤེས་བཟང་མོས་རྒྱལ་དར་སྒྲེང་བཞིན་པའི་རྣམ་པ་རེད།
         ཀྲུང་གོ་དང་། རྒྱ་གར། བལ་པོ་བཅས་རྒྱལ་ཁབ་གསུམ་གྱི་འབྲེལ་མཚམས་སུ་གནས་པའི་སྤུ་ཧྲེང་རྫོང་དུ།  དོན་གྲུབ་བཀྲ་ཤིས་ཀྱི་མིང་གླེང་ཚེ་མི་ཤེས་མཁན་གཅིག་ཀྱང་མེད་དེ། ལོ་67ལ་སླེབས་པའི་ཏང་ཡོན་རྒན་པ་འདིས་རང་ཁྱིམ་དུ་རྒྱལ་དར་སྒྲེང་བའི་སྟེགས་བུ་ཞིག་བཟོས་ཡོད་ལ། གཟའ་འཁོར་རེའི་གཟའ་ཟླ་བའི་ཉིན།  བཟའ་ཟླ་དང་མཉམ་དུ་རྒྱལ་དར་སྒྲེང་བའི་མཛད་སྒོ་མཚམས་ཆད་མ་མྱོང་།
         དོན་གྲུབ་བཀྲ་ཤིས་ཀྱི་ཁྱིམ་ནི་སྤུ་ཧྲེང་རྫོང་སྤུ་ཧྲེང་གྲོང་རྡལ་ཞི་བདེ་གྲོང་ཚོའི་ལྷོ་པ་རུ་ཆུང་དུ་ཡོད་ཅིང་། ཁོ་ནི་ཆུང་དུས་ནས་མེས་རྒྱལ་ལ་དགའ་ཞེན་ཆེ་བ་དང་སེམས་པ་ཏང་ལ་ཕྱོགས་པ་ཞིག་རེད། ཁོ་རང་ལོ17གྱི་སྟེང་དུ།  དམངས་དམག་ཏུ་ཞུགས་པ་དང་། ལོ20ཡི་སྟེང་དུ་ཀྲུང་གོ་གུང་ཁྲན་ཏང་དུ་ཞུགས་ནས། དུས་རྒྱུན་མཐའ་མཚམས་སྐོར་གཡེང་དང་རྒྱལ་ཁབ་ཀྱི་ས་ཆ་སྲུང་སྐྱོང་བྱེད་པའི་ནང་དུ་ཞུགས་པར་མ་ཟད། དམིགས་བསལ་གྱི་ཇག་འཇོམས་འཐབ་རྩོད་ཀྱི་ཁྲོད་དུ་བཅིངས་འགྲོལ་དམག་གི་ལམ་པའང་བྱས་མྱོང་བ་དང་འཐབ་ས་དང་པོར་བསྐྱོད་མྱོང་། ལོ་ངོ20ལྷག་ཙམ་ལ་དམངས་དམག་བྱས་རྗེས། དོན་གྲུབ་བཀྲ་ཤིས་ནི་ལྷོ་པ་རུ་ཆུང་གི་རུ་གཙོར་བདམས་པ་དང་། རྗེས་སུ་ཁོ་རང་སྤུ་ཧྲེང་རྫོང་ཞིང་འཕྲུལ་བཟོ་གྲྭའི་ལས་གནས་ཀྱི་ཐོག་ནས་བདེ་བླག་ངང་ལས་འཁྱུར་ངལ་གསོ་བྱས།
         མི་ཚེ་ཧྲིལ་པོར་ཏང་དང་མི་དམངས་ཀྱི་ཆེད་དུ་ལས་ཀ་བྱས་པས། དོན་གྲུབ་བཀྲ་ཤིས་ཀྱི་སེམས་པ་དང་ཁྲག་རྒྱུན་གྱི་ནང་དུ་རྒྱལ་གཅེས་ཀྱི་བརྩེ་སེམས་འདྲེས་ཡོད་པ་དང་། ལོ་ངོ་4ཡི་སྔོན་གྱི་ཉིན་ག་གེ་མོ་ཞིག་ལ། ཁོང་གིས་རང་ཁྱིམ་དུ་རྒྱལ་དར་སྒྲེང་བའི་སྟེགས་བུ་ཞིག་བཟོས་ནས་གཟའ་འཁོར་རེར་རྒྱལ་དར་སྒྲེང་བའི་མཛད་སྒོ་སྤེལ་རྒྱུ་ཐག་བཅད། ཐོག་མར་ཁོས་ལམ་འགྲམ་དང་ལས་ཡུལ་གྱི་གནས་གང་སར་ལྕགས་མདོང་འཚོལ་སྡུད་བྱས་པ་དང་། དེ་ནས་དེའི་ནང་གི་སྣེ་གཅིག་ཕྲ་མོར་བརྡུངས་ནས་ལྕགས་མདོང་གཞན་པ་ཞིག་གི་ནང་དུ་གསེབ་སྟེ། རིང་ཚད་ལ་སྨི་10ལྷག་ཙམ་ཡོད་པའི་དར་ཤིང་བཟོས་པ་དང་། ཁང་པ་བརྒྱབ་པའི་ཨར་ལས་ཀྱི་རྒྱུ་ཆ་ལྷག་མ་དག་བེད་སྤྱོད་བྱས་ཏེ། ར་སྐོར་གྱི་ནང་དུ་ཨར་འདམ་གྱི་སྟེགས་བུ་ཞིག་བཟོས་པ་དང་། དེའི་ནང་དུ་དར་ཤིང་བཞག་ནས་སྲ་བརྟན་དུ་བཏང་བ་ན། དར་ཆ་སྒྲེང་བའི་སྟེགས་བུ་སྟབས་བདེ་ཞིག་ལེགས་གྲུབ་བྱུང་།
         དུས་དེ་ནས་བཟུང་། དོན་གྲུབ་བཀྲ་ཤིས་དང་བཟའ་ཟླ་ཡེ་ཤེས་བཟང་མོས་གཟའ་འཁོར་རེར་རྒྱལ་དར་སྒྲེང་བའི་མཛད་སྒོ་སྤེལ་ཞིང་། ཟླ་རེར་རྒྱལ་དར་ཐེངས་ཤིག་བརྗེ་བར་མ་ཟད།  བརྗེས་ཡོང་བའི་རྒྱལ་དར་གྲལ་འགྲིག་པོར་བསྡུ་ཉར་བྱས།  དར་ཆ་སྒྲེང་ཐེངས་རེར། རྒན་རྒོན་གཉིས་ཀྱིས་གཟབ་མཆོར་ལེགས་པར་སྤྲས་ནས་སྒྲ་སྒམ་ལས་རྒྱལ་གླུ་གཏོང་ཞིང་། གཟབ་ནན་ལྡན་པའི་ངང་སྐར་ལྔའི་དར་དམར་དལ་གྱིས་ཡར་བསྒྲེངས། ཁོར་ཡུག་ཧ་ཅང་ཐབས་ཆག་ཡིན་རུང་དར་ཆ་སྒྲེང་བའི་བརྒྱུད་རིམ་ཧྲིལ་པོར་མཛད་སྒོའི་ཚོར་སྣང་གིས་ཁེངས་ཡོད། 
         འདི་ལྟར་ལོ་ངོ་4ཡི་རིང་། དགུན་ཁའི་གྲང་རླུང་དང་དབྱར་ཁའི་ཚ་བ། ཁངས་ཆར་རླུང་གསུམ་གྱི་གནམ་གཤིས་གང་ཡིན་རུང་། དོན་གྲུབ་བཀྲ་ཤིས་ཀྱི་རྒྱལ་དར་སྒྲེང་བའི་མཛད་སྒོ་མཚམས་གཏན་ནས་ཆད་མྱོང་མེད་ཅིང་། ལོ་4ཡི་རིང་། ལྷོ་པ་རུ་ཆུང་གི་ཁང་པའི་བར་དང་། མཐའ་མཚམས་ཀྱི་འཐབ་ས་དང་པོའི་མཁའ་དབྱིངས་སུ་ནམ་ཡང་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་ཞིག་ལྷབ་ལྷུབ་ཏུ་གཡོ་བཞིན་ཡོད། 
         དོན་གྲུབ་བཀྲ་ཤིས་ཀྱིས་བཤད་རྒྱུར། ཁོའི་མི་ཚེ་ཧྲིལ་པོ་ཏང་དང་རྒྱལ་ཁབ་ཀྱི་ཐུགས་ཁུར་འོག་ནས་བསྐྱལ་བ་ཡིན་ཞིང་། ད་ལྟར་སྡོད་པའི་ཁང་པ་འདི་ནི་རྫོང་གི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་རོགས་རམ་བྱས་ནས་བརྒྱབ་པ་ཞིག་ཡིན་པ་དང་། ལོ་ལྟར་ཁོང་དང་བཟའ་ཟླ་གཉིས་ལ་སྲིད་ཇུས་རང་བཞིན་གྱི་ཡོང་འབབ་དང་ཁ་གསབ་སྒོར་ཁྲི་2.5ཡོད་ཅིང་། ཁོ་ཚོར་གྲོང་ཚོའི་ནང་གི་མཉམ་ལས་ཁང་གིས་ལོ་རེར་ཁེ་སྤོགས་བགོ་བཞིན་ཡོད། ད་ཆ་ཁོ་ནི་གྲོང་ཚོའི་ཞིང་འབྲོག་པའི་སྒྲོག་འགྲེལ་པ་ཡིན་ཞིང་། རྒྱུན་པར་རང་ཉིད་ཀྱི་མྱོང་བ་དངོས་ལ་བརྟེན་ནས་མང་ཚོགས་ལ་ཏང་གི་བཀའ་དྲིན་དང་འཚོ་བའི་འགྱུར་ལྡོག་དྲིལ་བསྒྲགས་བྱས་ཏེ།  ཚང་མར་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱ་དགོས་པའི་འབོད་སྐུལ་བྱེད་ཀྱི་ཡོད་ཅེས་བཤད། 
         “ངས་རྒྱལ་དར་སྒྲེང་བའི་མཛད་སྒོ་སྤེལ་ཏེ། བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ངོ་མ་ཞིག་བྱེད་འདོད་པ་ཡིན། ངས་འདི་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱ་རྒྱུ་ཡིན་པར་མ་ཟད། ངའི་བུ་ལའང་མུ་མཐུད་དུ་དར་ཆ་བསྒྲེང་དུ་འཇུག་རྒྱུ་ཡིན།”   དོན་གྲུབ་བཀྲ་ཤིས་ཀྱིས་འདི་ལྟར་བཤད་པ་རེད་ལ་འདི་ལྟར་སྒྲུབ་བཞིན་ཡང་ཡོད། མི་ཚེ་ཧྲིལ་པོར་རྒྱལ་ཁབ་ཀྱི་ས་ཆ་སྲུང་བ་དང་ཁྱིམ་གཞིས་བསྐྲུན་པའི་ཏང་ཡོན་རྒན་པ་འདིས་བྱ་སྤྱོད་དངོས་བརྒྱུད་དེ་ཅི་ཞིག་ལ་ཏང་གཅེས་རྒྱལ་གཅེས་ཟེར་བར་འགྲེལ་བཤད་བརྒྱབ་ཡོད་དོ། །