དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་ཀྱི་སྲོལ་རྒྱུན་ལྷ་མོའི་འཁྲབ་གཞུང་ཆེན་པོ་བརྒྱད་གྲངས་འཛིན་ཅན་དང་གར་སྟེགས་ཅན་དུ་གཏོང་བའི་ལས་གཞི་ལས་ཁག་དྲུག་ལེགས་གྲུབ་བྱུང་བ།

སྤེལ་དུས 2020-12-01 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
            ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ11པའི་ཚེས་28ཉིན། བོད་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པ་བཙུགས་ནས་ལོ་ངོ60འཁོར་བར་དྲན་གསོ་ཞུ་བ་དང་སྲོལ་རྒྱུན་གྱི་ལྷ་མོའི་འཁྲབ་གཞུང་བཅོས་སྒྲིག་བྱས་པའི《རྒྱ་བཟའ་ཀོང་ཇོ》བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ལྷ་མོའི་སྒྱུ་རྩལ་ལྟེ་གནས་སུ་འཁྲབ་སྟོན་ཆེས་མཐའ་མ་བྱས་པ་དང་བསྟུན་ནས། བོད་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པས་སྤེལ་འགོ་ཚུགས་པའི་སྲོལ་རྒྱུན་གྱི་ལྷ་མོའི་འཁྲབ་གཞུང་ཆེན་པོ་བརྒྱད་གྲངས་འཛིན་ཅན་དང་གར་སྟེགས་ཅན་དུ་གཏོང་བའི་ལས་གཞི་ཁག་དྲུག་པ་བདེ་བླག་ངང་ལེགས་གྲུབ་བྱུང་བ་རེད། 

སྲོལ་རྒྱུན་གྱི་ལྷ་མོའི་འཁྲབ་གཞུང་བཅོས་སྒྲིག་བྱས་པའི《རྒྱ་བཟའ་ཀོང་ཇོ》ཡི་འཁྲབ་སྟོན་པར་རིས།
 
2019ལོར་སྲོལ་རྒྱུན་ལྷ་མོའི་འཁྲབ་གཞུང་བཅོས་སྒྲིག་བྱས་པའི《གཟུགས་ཀྱི་ཉི་མ》ཡི་འཁྲབ་སྟོན་པར་རིས།
          ལྷ་མོའི་འཁྲབ་སྟོན་ལ་ལོ་རྒྱུས་ཡུན་རིང་ལྡན་ཞིང་། ཕལ་ཆེར་ལོ་ངོ600ལྷག་ཙམ་གྱི་གོང་རོལ་ནས་བྱུང་ཡོད་ལ། དེ་ནི་གླུ་གར་དང་། འཁྲབ་སྟོན། གཞས་མ་གཏམ། རྩོམ་རིག་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་སྒྱུ་རྩལ་ཞིག་རེད། ཁྱབ་སྤེལ་བརྒྱུད་རིམ་ཁྲོད་ས་ཁོངས་མི་འདྲ་བའི་དབང་གིས་སྐྱོར་མོ་ལུང་ལྷ་མོ་དང་། གཅུང་པ་ལྷ་མོ། ཤངས་པ་ལྷ་མོ། རྒྱལ་མཁར་ལྷ་མོ་བཅས་ལུགས་ཆེན་པོ་བཞི་ཆགས་ཡོད་པ་དང་། 《ཆོས་རྒྱལ་ནོར་བཟང》དང་། 《གཟུགས་ཀྱི་ཉི་མ》《སྣང་ས་འོད་འབུམ》《འགྲོ་བ་བཟང་མོ》《དྲི་མེད་ཀུན་ལྡན》《པད་མ་འོད་འབར》《དོན་ཡོད་དོན་གྲུབ། 》《རྒྱ་བཟའ་ཀོང་ཇོ》བཅས་སྲོལ་རྒྱུན་ལྷ་མོའི་འཁྲབ་གཞུང་ཆེན་པོ་བརྒྱད་ཀྱང་རིམ་གྱིས་བྱུང་བ་རེད། 
          བོད་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པ་ནི་བོད་རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་རིམ་པའི་ལྷ་མོའི་འཁྲབ་སྟོན་ཆེད་ལས་ཚོགས་པ་ཁོ་ན་དེ་ཡིན་པའི་ཆ་ནས། 2013ལོར་སྲོལ་རྒྱུན་ལྷ་མོའི་འཁྲབ་སྟོན་གྲངས་འཛིན་ཅན་དང་གར་སྟེགས་ཅན་དུ་གཏོང་བའི་ལས་གཞི་ཆེན་པོ་བརྒྱད་ལག་ལེན་དུ་བསྟར་ཞིང་། ད་བར《འགྲོ་བ་བཟང་མོ》དང་། 《སྣང་ས་འོད་འབུམ》《པད་མ་འོད་འབར》《གཟུགས་ཀྱི་ཉི་མ》《ཆོས་རྒྱལ་ནོར་བཟང》《རྒྱ་བཟའ་ཀོང་ཇོ》བཅས་འཁྲབ་སྟོན་དྲུག་ལེགས་གྲུབ་ཟིན་པ་རེད། 
          བོད་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པའི་ཧྲུའུ་ཅི་གཞོན་པ་དང་ཚོགས་གཙོ་དཔལ་ལྡན་དབང་ཕྱུག་གིས་བརྗོད་དོན། སྲོལ་རྒྱུན་གྱི་ལྷ་མོའི་འཁྲབ་སྟོན་ཐང་ཆེན་ཅན་གྱི་འཁྲབ་སྟོན་རྣམ་པ་དེ་ནི་ལྷ་མོའི་སྒྱུ་རྩལ་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་རྒྱུར་ཕན་པ་མེད་པ་དང་། དུས་རབས་ཀྱི་འཕེལ་རྒྱས་དང་བསྟུན་ནས་ལྷ་མོའི་འཁྲབ་སྟོན་གྱི་རྣམ་པར་འགྱུར་ལྡོག་འགྲོ་བཞིན་པ་རེད། “སྲོལ་རྒྱུན་གྱི་ལྷ་མོའི་འཁྲབ་སྟོན་གྲངས་འཛིན་ཅན་དང་གར་སྟེགས་ཅན་དུ་གྱུར་པ་དེས་འཁྲབ་སྟོན་བྱ་ཡུལ་ལ་འགྱུར་ལྡོག་བཏང་བ་ཙམ་མ་ཡིན་པར། ད་དུང་གསར་རྩོམ་ཚོགས་པས་ཟློས་གར་གཏམ་རྒྱུད་ཀྱི་བྱུང་རིམ་འོས་འཚམ་གྱིས་ཉུང་འཕྲི་ཡང་བྱེད་དགོས། དེ་དང་ཆབས་ཅིག་དེང་རབས་ཅན་གྱི་སྒྲ་འོད་གློག་སོགས་ཀྱི་ལག་རྩལ་སྤྱད་དེ་ལྟད་མོ་བར་སྔར་ལས་ལྷག་པའི་སྒོ་ནས་སྒྱུ་རྩལ་གྱི་ཚོར་བ་ཉམས་སུ་མྱོང་དུ་བཅུག་”ཅེས་བཤད། 
          དཔལ་ལྡན་དབང་ཕྱུག་གིས་བརྗོད་དོན། སྲོལ་རྒྱུན་གྱི་ལྷ་མོའི་འཁྲབ་གཞུང་ཆེན་པོ་བརྒྱད་གྲངས་འཛིན་ཅན་དང་གར་སྟེགས་ཅན་དུ་གཏོང་བའི་ལས་གཞི་ལེགས་གྲུབ་ཟིན་རྗེས། གར་སྟེགས་ཅན་དུ་བསྐྲུན་པའི་ལྷ་མོའི་འཁྲབ་སྟོན་དེ་དག་འོད་སྡེར་དུ་ཕབ་པ་དང་། དེ་ནས་རིན་མེད་ངང་གཞི་རིམ་གྱི་རིག་གནས་རིག་རྩལ་སོགས་ཀྱི་ལས་ཁུངས་ལ་སྤྲད་དེ་ཞིང་འབྲོག་མང་ཚོགས་ཀྱིས་ཐག་ཉེ་ས་ནས་ལྷ་མོའི་འཁྲབ་སྟོན་གྱི་སྒྱུ་རྩལ་ཉམས་སུ་མྱོང་ཐུབ་པར་བྱས་ཡོད་ཅེས་བཤད།
རྩོམ་སྒྲིག་པ། བདེ་སྒྲོལ།