ཨ་རིའི་ས་གནས་ཀྱི་དུས་ཚོད་སྤྱི་ཟླ་12ཚེས་27ཉིན། ཨ་རིའི་ཙུང་ཐུང་ཐེ་རོན་ཧྥུས་རྒྱལ་ཚོགས་ཐོག་གྲོས་འཆམ་བྱུང་བའི“སྤྱི་ལོ་2020ལོར་བོད་ལ་འཛིན་རྒྱུའི་སྲིད་ཇུས་དང་རྒྱབ་སྐྱོར་བྱེད་རྒྱུའི་ཁྲིམས་གཞི།”ཟེར་བ་ཞིག་ལ་མིང་རྟགས་བཀོད་ཡོད། ཁྲིམས་གཞི་དེས་ཀྲུང་གོའི་ནང་སྲིད་ལ་རྩུབ་སྤྱོད་ཀྱིས་ཐེ་གཏོགས་བྱས་ཤིང་། “ཡང་སྲིད་གང་དུ་གང་འདྲ་བྱས་ནས་འཁྲུངས་རྒྱུ་དང་གང་འདྲ་བྱས་ནས་ངོས་འཛིན་ཞུ་རྒྱུའམ་ཏཱ་ལའི་བླ་མ་སྐུ་ཕྲེང་བཅོ་ལྔ་པ་དགོས་མིན་བཅས་ཀྱི་ཁྲིམས་མཐུན་ཐག་གཅོད་དབང་ཆ་ཉག་ཅིག་སྐུ་ཐོག་དེ་རང་ལ་ཡོད།”ཅེས་གང་བྱུང་དུ་བཤད་པ་དང་། ཀྲུང་གོའི་སྲིད་གཞུང་གིས་ཁྲིམས་ལྟར་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་བྱེད་པའི་ལས་དོན་ལ་དོ་དམ་བྱེད་པ་ནི་བོད་བརྒྱུད་ནང་བསྟན་པའི“ཆོས་ལུགས་རང་མོས”ལ“བཙན་གནོད”ཟེར་བ་བྱས་པ་ཞིག་རེད་ཅེས་སྐུར་འདེབས་བྱས་ཡོད། ཚང་མས་མཁྱེན་གསལ་ལྟར། བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་བྱེད་རྒྱུའི་ལས་དོན་ནི་ཆོས་ལུགས་ནང་ཁུལ་གྱི་ལས་དོན་རྐྱང་པ་ཞིག་གཏན་ནས་མིན་པ་དང་། མ་རུང་ཁོག་བཅུག་བྱེད་མཁན་གྱིས་བཤད་པ་ནང་བཞིན་ཡང་སྲིད་རང་ཉིད་ལ“ཡོད་པའི་ཁྲིམས་མཐུན་གྱི་དབང་ཆ་ཉག་ཅིག”ཅིག་ནི་དེ་བས་ཀྱང་མིན་པར། དེའི་ཐོག་ནས་རྒྱལ་ཁབ་ཀྱི་བདག་དབང་དང་། སྲིད་གཞུང་གི་དབང་གྲགས། ཆོས་ལུགས་ཀྱི་རྩ་དོན། ཆོས་དད་མང་ཚོགས་ཀྱི་བརྩེ་དད་སོགས་མཉམ་དུ་མཚོན་ཡོད། བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་བྱེད་སྲོལ་ནི་ལོ་ངོ་བརྒྱ་ཕྲག་རིང་འཕེལ་འགྱུར་བྱས་པ་བརྒྱུད། གཟབ་ནན་དམ་ཚགས་ཀྱི་ཆོས་ལུགས་ཆོ་ག་དང་ལོ་རྒྱུས་ངེས་སྲོལ་འཐུས་སྒོ་ཚང་བ་ཞིག་རིམ་བཞིན་ཆགས་ཡོད་པ་དེའི་ནང་གཙོ་བོ་ཡང་སྲིད་རྒྱལ་ནང་དུ་རྩད་འཚོལ་དང་། ངོས་འཛིན། ཁྲི་གསོལ་སོགས་བྱེད་རྒྱུ་ཚུད་ཡོད་པ་དང་། དེའི་ནང་ཤུགས་རྐྱེན་ཆེ་བའི་བླ་སྤྲུལ་ཆེ་ཁག་ཐད་གསེར་བུམ་དཀྲུག་འདོན་བྱས་ནས་ངོས་འཛིན་ཞུ་བའི་སྲོལ་དང་ཀྲུང་དབྱང་སྲིད་གཞུང་ནས་ཆོག་མཆན་ཞུས་ཏེ་རྒྱུན་འཛིན་ཞུ་བའི་སྲོལ་དེ་ལོ་རྒྱུས་ཀྱི་ངེས་སྲོལ་དུ་གྱུར་ཟིན་པ་དང་། བླ་སྤྲུལ་གྱི་ཡང་སྲིད་རྒྱལ་ནང་དུ་རྩད་འཚོལ་བྱེད་པའི་ལོ་རྒྱུས་ཀྱི་སྲོལ་རྒྱུན་ཡང་སྔ་ས་ནས་འགྱུར་བ་གཏོང་ཐབས་མེད་པའི་རྩ་དོན་གལ་ཆེན་ཞིག་ཏུ་གྱུར་ཡོད།
གཅིག བླ་སྤྲུལ་ཆེ་ཁག་གི་ཡང་སྲིད་ངེས་པར་དུ་གསེར་བུམ་དཀྲུག་འདོན་བྱས་ནས་ངོས་འཛིན་ཞུ་དགོས།
བླ་སྤྲུལ་གྱི་ཡང་སྲིད་ནི་ཐོག་མར་བོད་བརྒྱུད་ནང་བསྟན་གྲུབ་མཐའ་ཁག་གི་གཙོ་འཛིན་གྱི་རྒྱུན་འཛིན་ཐག་གཅོད་བྱེད་རྒྱུ་གཙོ་དོན་དུ་བཟུང་བ་ལས་བྱུང་བ་ཞིག་ཡིན་ཞིང་། བོད་རྙིང་པའི“ཆོས་སྲིད་ཟུང་འབྲེལ”གྱི་ལམ་ལུགས་འོག རྒྱ་ཆེའི་བོད་རིགས་མང་ཚོགས་ཀྱིས་ནང་བསྟན་ཆོས་ལུགས་ལ་དད་མོས་དང་ཆོས་ལུགས་གཙོ་འཛིན་ལ་བརྩི་བཀུར་བྱེད་ཀྱི་ཡོད། བླ་སྤྲུལ་སྤྱི་དང་ལྷག་དོན་དུ་ཤུགས་རྐྱེན་ཆེན་པོ་ལྡན་པའི་བླ་སྤྲུལ་ལ་ཆོས་ལུགས་གཙོ་འཛིན་གྱི་གནས་བབ་ཡོད་པའི་སྟབས་ཀྱིས་བོད་ཀྱི་སྤྱི་ཚོགས་ནང་གི་ཆོས་སྲིད་ཕྱོགས་གཏོགས་སྣ་ཚོགས་ཀྱིས་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་བྱེད་དབང་འཕྲོག་ལེན་དང་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་བྱེད་རྒྱུའི་ལས་དོན་ལ་ཁ་ལོ་སྒྱུར་བའི་གནས་ཚུལ་བྱུང་སྟེ། བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་བྱེད་སྲོལ་ཉག་ཉོག་མེད་པ་དེ་རིམ་བཞིན་བརླགས་ཏེ། གནོད་གཞི་མང་དག་བྱུང་ནས་ནང་བསྟན་ལ་ཉེན་ཁ་བཟོས་པ་ཙམ་གྱིས་མ་ཚད། སྤྱི་ཚོགས་ཀྱི་བརྟན་ལྷིང་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལའང་ཉེན་ཁ་བཟོས་ཡོད། ཆིང་ཀྲུང་དབྱང་སྲིད་གཞུང་གིས་གནས་ཚུལ་དེ་གསལ་པོར་རྟོགས་པའི་སྟབས་ཀྱིས། བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་བྱེད་སྲོལ་དེ་བས་འཐུས་ཚང་ཡོང་བའི་ཆེད་དུ་སྤྱི་ལོ་1793ལོར་གསེར་བུམ་དཀྲུག་འདོན་བྱེད་སྲོལ་བཟུང་། ལམ་སྲོལ་དེས་དེ་སྔ་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་བྱེད་པའི་བརྒྱུད་རིམ་ནང་གི་སྐྱོན་ཆ་སྣ་ཚོགས་སྔོན་འགོག་བྱེད་རྒྱུར་ཕན་ཐོགས་བྱུང་བ་མ་ཟད། བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་བྱེད་རྒྱུའི་ནང་དོན་དང་། གནས་ལུགས། སྲོལ་རྒྱུན། དེ་བཞིན་མང་ཚོགས་ཀྱི་ཆོས་ལུགས་བརྩེ་དད་ལ་བརྩི་འཇོག་བཅས་བྱས་ལུགས་མཚོན་ཡོད་ལ། ཀྲུང་དབྱང་སྲིད་གཞུང་གིས་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་བྱེད་པའི་གནད་དོན་ཐད་ཀྱི་དབང་གྲགས་དེ་བས་མཚོན་ཡོད།
བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་བྱེད་པའི་ནང་ལྷགས་པའི་གནོད་སྐྱོན་སེལ་ཆེད། ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པའི“ངེས་སྲོལ་གཏན་འབེབས”དང“ཕུགས་ཕན་ཡུན་གནས”ཀྱི་རེ་ཞུ་ལྟར། གོང་མ་ལྷ་སྐྱོང་གིས་སྤྱི་ལོ་1792ལོར་བོད་དུ་དཔུང་ཆེན་མངགས་ཏེ་གོར་ཥ་བཙན་འཛུལ་པ་མཐར་སྐྲོད་བཏང་ནས་རྒྱལ་ཁ་བླངས་རྗེས། བོད་སྐྱོད་དཔོན་རིགས་ལ་བོད་དོན་ཐག་གཅོད་བྱེད་པའི་སྒྲིག་སྲོལ་ལམ་ལུགས་བཟོ་རྒྱུ་གྲབས་མོལ་བྱེད་དགོས་པའི་བཀའ་ཕབ། དེའི་ཕྱི་ལོར་ཆིང་སྲིད་གཞུང་གིས《གོང་མས་ཐག་བཅད་པའི་བོད་ཀྱི་ལུགས་སྲོལ་གསར་འཛུགས་སྐོར་གྱི་རྩ་ཚིག་དོན་ཚན་ཉེར་དགུ་》དངོས་སུ་ཁྱབ་བསྒྲགས་བྱས། རྩ་ཚིག་དེའི་དོན་ཚན་དང་པོའི་ནང་། “སྤྲུལ་སྐུ་ངོས་འཛིན་བྱེད་ལུགས་སྐོར། སོ་སོས་རྩད་གཅོད་ངེས་ཏིག་བྱས་ངོས། ཆོས་སྐྱོང་བཞི་ལ་ལུང་ཞུས་ཐོག་གོང་ནས་བསྩལ་བའི་གསེར་བུམ་ནང་དུ་སྐུ་སྐྱེ་དོགས་གནད་ཡོད་རིགས་ཀྱི་མིང་དང་། ལོ་ཟླ་དུས་ཚེས་ཤིང་བྱང་ཐོག་བཀོད་ན་བཅུག་སྟེ། བླ་མ་ཡོན་བཟང་བ་འདེམ་སྒྲུག་གིས་ཞག་བདུན་རིང་སྐུ་རིམ་བྱས་རྗེས། ཧོ་ཐུག་ཐུ་རྣམས་འཛོམས་ནས་ཇོ་བོའི་སྐུ་མདུན་དུ་ཨམ་པ་དང་ཕྱོགས་མཚུངས་ངོས་འཛིན་དང་། ཡང་ཆོས་སྐྱོང་བཞི་པོ་ཁ་མཐུན་གྱི་ངོས་འཛིན་བྱུང་ན། དེའི་མིང་ཡིག་ཤིང་བྱང་དང་ཤིང་བྱང་ཡི་གེ་མེད་པ་གཅིག་བཅས་བུམ་པའི་ནང་དུ་བཅུག་ནས། ཡི་གེ་མེད་པའི་ཤིང་བྱང་ཐོན་ན། དེ་ལ་བདག་འཛིན་བྱེད་རྒྱུ་མི་ཡོང་བས། སྐུ་སྐྱེ་ལོགས་སུ་རྩད་གཅོད་དགོས་དང་། ཡང་རྒྱལ་བ་ཡབ་སྲས་ལྟ་བུའི་སྐུ་སྐྱེའི་ངོས་འཛིན་སྐབས། མཉྫུ་དང་། རྒྱ་བོད་བཅས་ཀྱི་ཡི་གེ་སྣ་གསུམ་ཤིང་བྱང་ལ་བྲིས་པ་བྱས་ཚེ་སྤྱི་བྱིངས་ཚང་མ་དད་མོད་ཆེ་བ་ཡོང་།”ཞེས་གཏན་འབེབས་ཁ་གསལ་བྱས་ཡོད། ཏཱ་ལའི་བླ་མ་དང་པཎ་ཆེན་ཨེར་ཏེ་ནིའི་ཡང་སྲིད་ངོས་འཛིན་བྱེད་སྐབས། ངེས་པར་དུ“ཁོང་རྣམ་པའི་མཚན་མཉྫུ་དང་། རྒྱ་བོད་ཡི་གེ་སྣ་གསུམ་ཤིང་བྱང་ལ་བྲིས་ནས་དེ་བཞིན་གྱི་འགྲོ་ལུགས་བརྒྱུད་དགོས། འདི་དག་ཚང་མ་ནི་གོང་མ་ཆེན་པོས་ཞྭ་སེར་བསྟན་པ་དར་ཞིང་རྒྱས་པ་དང་། ཆོས་སྐྱོང་ནས་མི་བདེན་རྫུན་སྒྲིག་མི་བྱེད་པའི་ཆེད་དུ་ཡིན།”
རྩ་ཚིག་ཁྱབ་བསྒྲགས་བྱས་རྗེས། ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོས་གཙོ་བོ་གནང་བའི་བོད་ས་གནས་སྲིད་གཞུང་གིས་སྒྲིག་ཡིག་དང་འབྲེལ་ཡོད་ཡིག་ཆ་རྣམས་བོད་ཡིག་ཏུ་ཕབ་སྒྱུར་མཛད་དེ། སྐབས་དེ་དུས་ཀྱི་བཅའ་ཁྲིམས་ཡིག་ཆ་གལ་ཆེན་ཞིག་ཡིན་པའི་ཆ་ནས་བོད་ཡོངས་སུ་ཁྱབ་བསྒྲགས་བྱས་ཏེ་ལག་ལེན་བསྟར་ཡོད། སྐབས་དེར་བོད་ཆུ་གླང་ལོ་དང་ཏག་ཏག་འཁེལ་བས་དེ་ལ《ཆུ་གླང་ཝང་ཞུ་》ཞེས་བརྗོད། དུས་མཚུངས་སུ་ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པས་བོད་ཡོངས་ལ《ཆུ་གླང་བཀའ་ཤོག་》ཅེས་པ་ཁྱབ་བསྒྲགས་གནང་སྟེ་གསེར་བུམ་དཀྲུག་ཐབས་ཞིབ་ཕྲ་གཏན་འབེབས་གནང་ཡོད། 《ཆུ་གླང་ཝང་ཞུ་》ཞེས་པ་དང་ལྷག་དོན་དུ《ཆུ་གླང་བཀའ་ཤོག་》ཅེས་པས་སྒྲིག་ཡིག་གི་བཅའ་ཁྲིམས་དགོངས་དོན་ཡོངས་སུ་མཚོན་པ་མ་ཟད། སྒྲིག་ཡིག་ནང་གཏན་འབེབས་བྱས་པའི་གསེར་བུམ་དཀྲུག་འདོན་གྱི་རྩ་དོན་ཆ་ཚང་བ་མཚོན་ཡོད་པས། གསེར་བུམ་དཀྲུག་འདོན་གྱི་ལམ་སྲོལ་ལག་ལེན་བསྟར་བའི་བཅའ་ཁྲིམས་ཀྱི་གཞི་འཛིན་ས་གལ་ཆེན་ཞིག་ཏུའང་གྱུར་ཡོད།
གསེར་བུམ་དཀྲུག་འདོན་གྱི་ལམ་སྲོལ་ལག་ལེན་བསྟར་རྗེས། ཆིང་ཀྲུང་དབྱང་སྲིད་གཞུང་གིས་ལམ་སྲོལ་དེ“དཔེ་མཚོན”དང“སྲོལ་ཡིག”སོགས་བཅའ་ཁྲིམས་ཀྱི་རྣམ་པའི་ཐོག་ནས《ཆིང་བཅའ་ཡིག་གཅེས་བཏུས་དཔེ་མཚོན་》དང་《ལི་ཕན་ཡོན་གྱི་སྲོལ་ཡིག་》སོགས་ཁྲིམས་སྲོལ་ཡིག་ཆའི་ནང་བཅུག་ཡོད་པས། ཆིང་ཀྲུང་དབྱང་སྲིད་གཞུང་གིས་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་བྱེད་རྒྱུའི་ལས་དོན་ལ་དོ་དམ་བྱེད་པའི་ལོ་རྒྱུས་གྱི་ངེས་སྲོལ་ཞིག་ཏུ་གྱུར་ཡོད། གསེར་བུམ་དཀྲུག་འདོན་ལག་བསྟར་བྱེད་པའི་རྩ་བའི་དམིགས་ཡུལ་ནི་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་བྱེད་པའི་བརྒྱུད་རིམ་ནང། ཡང་སྲིད་གཏན་འཁེལ་བྱེད་དབང་རང་དགར་ཧམ་འཛིན་དང་སྒེར་གྱིས་སྟངས་འཛིན་བྱེད་རིགས་གཙང་སེལ་བྱེད་རྒྱུའི་ཆེད་དུ་ཡིན་པ་དེ་ནི། འདྲ་མཉམ་ནན་བཤད་དང་ཁྱད་དབང་ལ་ངོ་རྒོལ་བྱེད་པའི་ཁྲིམས་སྐྱོང་རྩ་དོན་གྱི་རྨང་གཞིའི་ལྟ་བ་དང་ཀུན་མཐུན་གྱི་རིན་ཐང་དང་ཡོངས་སུ་མཐུན་ཡོད།
གཉིས། བླ་སྤྲུལ་ཆེ་ཁག་གི་ཡང་སྲིད་ལ་ངེས་པར་དུ་ཀྲུང་དབྱང་སྲིད་གཞུང་ནས་ཆོག་མཆན་ཞུས་ཏེ་ཁྲི་ལ་གསོལ་དགོས།
བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་བྱེད་སྲོལ་ཆགས་པ་དེ་ཀྲུང་དབྱང་སྲིད་དབང་གི་རྒྱབ་སྐྱོར་དང་ཁ་བྲལ་ཐབས་མེད་ལ། བླ་སྤྲུལ་གྱི་ཡང་སྲིད་སྲིད་གཞུང་གིས་ངོས་འཛིན་གཏན་འཁེལ་བྱེད་དགོས་པའི་མཐའ་མཇུག་གི་དབང་གྲགས་ཀྱང་དེ་ལས་བྱུང་བ་དང་། ཤུགས་རྐྱེན་ཆེན་པོ་ལྡན་པའི་བླ་སྤྲུལ་སྐུ་ཆེ་ཁག་གི་ཡང་སྲིད་རྣམས་ཀྲུང་དབྱང་སྲིད་གཞུང་ནས་ཆོག་མཆན་ཞུས་ཏེ་ཁྲི་ལ་གསོལ་རྒྱུ་དེ་ཡང་ལོ་རྒྱུས་ཀྱི་ངེས་སྲོལ་ཞིག་ཏུ་གྱུར་ཡོད།
སྤྱི་ལོ་1288ལོར་ཀརྨ་པ་རང་བྱུང་རྡོ་རྗེ་མཚུར་ཕུ་དགོན་དུ་གསེར་ཁྲིར་མངའ་གསོལ་བ་དང་། དེ་སྔ་ཀརྨ་པཀྵི་ལ་ཧོར་རྒྱལ་པོས་ལས་ཀའི་ཞྭ་ནག་གསེར་མདོངས་ཅན་ཞིག་གནང་བས་དེ་ཕྱིན་གྱི་སྐྱེ་བརྒྱུད་རྣམས་ལ་ཞྭ་ནག་ཅན་དུ་གྲགས། ཆོས་ཞྭ་ནག་པོ་དེ་སྤྲུལ་སྐུ་རིམ་བྱོན་གྱི་མཚོན་རྟགས་དང་རྒྱུན་གནས་ཤུལ་བཞག་གི་རྟགས་མཚན་ཞིག་ཏུ་གྱུར་ཞིང་། བླ་སྤྲུལ་རིམ་བྱོན་རྣམས་གོང་མས་བསྩལ་བ་ལས་བྱུང་བའི་དོན་སྙིང་ཡང་ལྡན་ཡོད་པས། ཀྲུང་དབྱང་སྲིད་གཞུང་གིས་བླ་སྤྲུལ་ངོས་འཛིན་བྱེད་པའི་ལམ་སྲོལ་ཆགས་པའི་ཐད་དབང་གྲགས་རང་བཞིན་གྱི་ནུས་པ་ལྡན་པ་མཚོན་ཡོད། སྤྱི་ལོ་1332ལོར་ཀརྨ་པ་རང་བྱུང་རྡོ་རྗེ་ཉིད་པེ་ཅིང་དུ་ཕེབས་ནས་གོང་མར་མཇལ་ཁ་ཞུས་པ་དང་ཆོས་ཀྱི་དབང་བསྐུར། ཡོན་གོང་མ་ཧྲུན་ཏིས་ཁོང་ཉིད་ལ“སྟོང་ཉིད་ཐམས་ཅད་མཁྱེན་པ་ཀརྨ་པ”ཞེས་པ་སོགས་ཀྱི་གོ་མིང་གནང་བ་མ་ཟད་འཇའ་ས་དང་གུ་ཤྲིའི་ཆོ་ལོ་ཡང་བསྩལ། གོ་མིང་གནང་བ་དང་ཆོ་ལོ་བསྩལ་བ་བརྒྱུད། དེ་གང་དེའི་ཡང་སྲིད་ཀྱི་ཁྲིམས་མཐུན་གནས་བབ་ལ་ཡོན་ཀྲུང་དབྱང་སྲིད་གཞུང་གི་ཞལ་བཞེས་ཐོབ་པ་དང་། བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་བྱེད་རྒྱུ་དེ་ཡང་དམངས་ཁྲོད་དུ་རང་ཤུགས་སུ་བྱུང་བ་ནས་རིམ་བཞིན་ཁྲིམས་གཞིའི་དོན་སྙིང་མངོན་ཏེ་ཁྲིམས་མཐུན་གྱི་རང་བཞིན་ལྡན་པ་དང་། ཁྲིམས་མཐུན་གྱི་ལམ་སྲོལ་ཞིག་ཏུ་གྱུར་པ་མ་ཟད། བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་བྱེད་པའི་ལམ་སྲོལ་དངོས་འབྲེལ་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་ཐེབས་ཡོད།
སྤྱི་ལོ་1653ལོར་གདན་ཞུའི་ཡི་གེ་འབྱོར་བ་ལྟར། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ་པེ་ཅིན་དུ་ཆིང་གོང་མ་ཧྲུན་ཀྲི་མཇལ་བར་ཕེབས་པ་དང་། ཁོང་ལ“ནུབ་ཕྱོགས་ཀྱི་ཕུལ་བྱུང་ཞི་བ་སངས་རྒྱས་རྒྱ་ཆེན་ཁྱོན་ལ་སངས་རྒྱས་བསྟན་པའི་མངའ་བདག་ཐམས་ཅད་མཁྱེན་པ་རྡོ་རྗེ་འཆང་ཏཱ་ལའི་བླ་མ་”ཞེས་པའི་མཚན་གསོལ་བ་མ་ཟད་གསེར་ཐམ་དང་གསེར་ཡིག་ཀྱང་བསྩལ་བ་ནས་བཟུང་། ཏཱ་ལའི་བླ་མའི་མཚན་གནས་དང་བོད་ཀྱི་ཆོས་ཕྱོགས་སུ་ཁོང་ཉིད་ཀྱི་ཁྲིམས་མཐུན་གོ་གནས་དངོས་སུ་ཀྲུང་དབྱང་སྲིད་གཞུང་གི་ཞལ་བཞེས་ཐོབ། དེ་ནས་བཟུང་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་གྱི་ཡང་སྲིད་བྱུང་རྗེས། ངེས་པར་དུ་ཀྲུང་དབྱང་སྲིད་གཞུང་ནས་མཚན་གནས་ཞུ་དགོས་པའི་ལམ་ལུགས་དེ་རིམ་བཞིན་ངེས་སྲོལ་དུ་གྱུར། སྤྱི་ལོ་1940ལོའི་ཟླ་2ཚེས་5ཉིན་གོ་མིན་སྲིད་གཞུང་གིས་བཀའ(སྲིད་གཞུང་གི་བཀའ་ཨང་898པ) སྤེལ་¬ཏེ་གསེར་བུམ་དཀྲུག་འདོན་བྱེད་མི་དགོས་པར་མཚོ་སྔོན་གྱི་ཁྱེའུ་ལྷ་མོ་དོན་གྲུབ་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པར་ངོས་འཛིན་བྱ་རྒྱུའི་དམིགས་བསལ་གྱི་ཆོག་མཆན་གནང་བར་བརྟེན། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པའི་ཁྲིམས་མཐུན་རང་བཞིན་དེའང་གོ་མིན་སྲིད་གཞུང་གི་ཆོག་མཆན་ཐོབ་ནས་ཁས་བླངས་པ་ཞིག་རེད།
བླ་སྤྲུལ་ཆེ་ཁག་གི་མཚན་གནས་བསྩལ་གནང་ནི་གཅིག་ནས་མཚན་གནས་བསྩལ་གནང་གི་ལམ་སྲོལ་ཞིག་ཡིན་པ་ཙམ་གྱིས་མ་ཚད། དོ་དམ་ལམ་ལུགས་ཤིག་ཀྱང་ཡིན་པ་དེའི་ཐོག་ནས། ཀྲུང་དབྱང་སྲིད་གཞུང་གིས་ཤུགས་རྐྱེན་ཆེན་པོ་ལྡན་པའི་བླ་སྤྲུལ་ཆེ་ཁག་ལ་ཐུགས་འཁུར་དང་བརྩི་མཐོང་གནང་བ་མཚོན་གྱི་ཡོད་ལ། ཀྲུང་དབྱང་སྲིད་གཞུང་གིས་ཁོང་རྣམས་ལ་དོ་དམ་ཚད་ལྡན་དང་ཤུགས་ཆེར་བཏང་བའང་མཚོན་གྱི་ཡོད། དུས་མཚུངས་སུ་མཚན་གནས་བསྩལ་གནང་བྱུང་བའི་བླ་སྤྲུལ་ཆེ་ཁག་གིས་ངེས་པར་དུ་ཀྲུང་དབྱང་སྲིད་གཞུང་ལ་སྲི་ཞུ་གནང་དགོས་པ་དང་། འགན་འཁྲི་དང་འོས་འགན་འཁུར་དགོས་པའང་མཚོན་ཡོད། བླ་སྤྲུལ་ཆེ་ཁག་ལ་མཚན་གནས་བསྩལ་གནང་བྱེད་པའི་ལམ་སྲོལ་བརྒྱུད་དེ། ཀྲུང་དབྱང་སྲིད་གཞུང་གིས་བླ་སྤྲུལ་ཆེ་ཁག་གི་ཡང་སྲིད་ངོས་འཛིན་བྱེད་རྒྱུའི་ཐད་ཀྱི་དབང་གྲགས་གཏན་འཁེལ་བྱུང་ཡོད།
སྤྱི་ལོ་1995ལོའི་ཟླ་11པར། སྐབས་དེའི་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་ཀྲའོ་ཕུའུ་ཁྲུའུ་ཡིས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་རྩད་འཚོལ་འགོ་ཁྲིད་ཚོ་ཆུང་གི་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གསུང་བཤད་གནང་སྐབས། ནང་བསྟན་ནི་མདོ་རྒྱུད་དམ་བོད་བརྒྱུད་དང་རྒྱ་བརྒྱུད་གང་ཡིན་རུང་། ཉམས་ལེན་ཐད་ཚང་མས་ཡོངས་ཁྱབ་ངང་སངས་རྒྱས་ཀྱི་བཀའ་སྲུང་ཤོ་ལོ་ཀ“བདག་གིས་དགེ་བ་སྒྲུབ་པའི་སྟོབས། །དེ་བཞིན་གཤེགས་པའི་བྱིན་གྱི་རླབས། །དེ་བཞིན་ཆོས་དབྱིངས་སྟོབས་ཀྱིས་ནི། །ཀུན་ཕན་ཞབས་ཏོག་སྒྲུབ་པར་ཤོག །” ཅེས་པ་སྲུང་བཞིན་ཡོད་པ་དང་ཆབས་ཅིག་ཏུ། ཡང་སྲིད་ཀྱི་གནད་དོན་ངོས་ནས་བརྗོད་ན། དགེ་སྒྲུབ་ཀྱི་སྟོབས་ཞེས་པ་ནི་ཡང་སྲིད་བླ་སྤྲུལ་གྱི་བྱམས་སེམས་ཐུགས་དམ་གྱི་སྟོབས་དང་། བྱིན་གྱི་རླབས་ཞེས་པ་ནི་སྟོན་པས་བྱིན་རླབས་བསྩལ་རྗེས“གསེར་བུམ་དཀྲུག་འདོན”ཐོག་ནས་བརྡར་ཤ་གཅོད་ནུས། ཆོས་དབྱིངས་ཀྱི་སྟོབས་ཞེས་པ་ནི་ཀྲུང་དབྱང་སྲིད་གཞུང་གི་ཐག་གཅོད་དབང་དང་མང་ཚོགས་ཀྱི་བློས་འགེལ་ནུས་བཅས་ལ་ཟེར་གྱི་ཡོད། དེས་ན་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་བྱེད་རྒྱུའི་གནད་དོན་ཐད། སྔར་ནས་བཟུང་རྒྱལ་ཁབ་ཀྱི་དབང་ཆ་དང་ཀྲུང་དབྱང་གི་དབང་གྲགས་ཨང་དང་པོར་འཇོག་གི་ཡོད་པ་དེ་ནི། ཚུལ་དང་མཐུན་པ་དང་། ལུགས་དང་མཐུན་པ། ཁྲིམས་ལུགས་དང་མཐུན་པ་བཅས་ཞིག་ཡིན་ལ། ནང་བསྟན་ཆོས་ལུགས་ཀྱི་རྩ་བའི་བསྟན་དོན་དང་ཡང་ཡོངས་སུ་མཐུན་པ་ཞིག་ཡིན།
ལོ་རྒྱུས་ཀྱི་ངེས་སྲོལ་ལྟར་ན། ཤུགས་རྐྱེན་གལ་ཆེན་ལྡན་པའམ་ཡང་ན་དམིགས་བསལ་གྱི་ཤུགས་རྐྱེན་གལ་ཆེན་ལྡན་པའི་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་བྱེད་པར། དང་ཐོག་གང་དེ་གནས་སའི་དགོན་སྡེས་ས་གནས་སྲིད་གཞུང་བརྒྱུད་དེ། ཀྲུང་དབྱང་སྲིད་གཞུང་ནས་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་ཆོག་མཆན་ཞུས་ཏེ་མོས་མཐུན་འཐོབ་པ་བྱེད་དགོས་པ་དང་། ཡང་སྲིད་རྩད་འཚོལ་གྱི་རྩ་འཛུགས་འཛུགས་རྒྱུར་ཆོག་མཆན་འཐོབ་པ་བྱེད་དགོས། གཉིས་ནས་གསེར་བུམ་དཀྲུག་འདོན་གྱི་ལམ་སྲོལ་ལག་བསྟར་བྱེད་སྐབས། ས་གནས་སྲིད་གཞུང་གིས་ཆོས་ལུགས་ཀྱི་ཆོ་ག་ལྟར་བཙལ་རྙེད་ཐུབ་པའི་ཡང་སྲིད་ཁྱེའུ་ཡི་གནས་ཚུལ་རྣམས་ཀྲུང་དབྱང་སྲིད་གཞུང་ལ་སྙན་སེང་ཞུས་ནས་གསེར་བུམ་དཀྲུག་འདོན་བྱས་ཆོག་པའི་སྐྱབས་འཇུག་ཞུ་དགོས། གསུམ་ནས་ཀྲུང་དབྱང་སྲིད་གཞུང་གི་ཆོག་མཆན་ཐོབ་རྗེས། གཞི་ནས་དུས་ཚོད་ངེས་གཏན་ཞིག་ལ་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་མདུན་དུ། ཀྲུང་དབྱང་སྲིད་གཞུང་གི་མངགས་མིས་¬(བོད་ཀྱི་ལོ་རྒྱུས་ཐོག་ད་དུང་བོད་སྡོད་ཨམ་བན་ཚུད་ཡོད།)-གསེར་བུམ་དཀྲུག་འདོན་གཙོ་སྐྱོང་གནང་ནས་ཡང་སྲིད་ངོས་འཛིན་བྱེད་དགོས། བཞི་ནས་གསེར་བུམ་དཀྲུག་འདོན་གྲུབ་རྗེས། འཕྲལ་མ་ཉིད་དུ་གསེར་བུམ་དཀྲུག་འདོན་གཙོ་སྐྱོང་གནང་མཁན་དཔོན་རིགས་དང་། ས་གནས་སྲིད་གཞུང་གི་འགན་འཁུར་བ། ཡང་སྲིད་རྩད་འཚོལ་གྱི་འགན་འཁུར་བ་སོགས་ཀྱིས་གསེར་བུམ་དཀྲུག་འདོན་བྱས་ཚུལ་དང་། མཇུག་འབྲས། དེ་བཞིན་འོས་འདེམས་བྱུང་བའི་ཡོངས་འཛིན་དང་ཁྲི་གསོལ་ཞུ་རྒྱུའི་ཟླ་ཚེས་སོགས་ཀྲུང་དབྱང་སྲིད་གཞུང་ལ་སྙན་སེང་ཞུས་ཐོག རྒྱུན་འཛིན་དངོས་སུ་གནང་རྒྱུའི་ཆོག་མཆན་ཞུ་དགོས། ལྔ་ནས་ཀྲུང་དབྱང་སྲིད་གཞུང་གིས་ཡང་སྲིད་རྒྱུན་འཛིན་དང་ཁྲི་གསོལ་གྱི་དུས་ཚོད་ལ་ཆོག་མཆན་གནང་རྗེས། གཞི་ནས་ཁྲི་གསོལ་གྱི་མཛད་སྒོ་གཉེར་ཏེ་སྐུ་སྐྱེ་སྔ་མའི་ཆོས་བརྒྱུད་དངོས་སུ་རྒྱུན་འཛིན་བྱས་ཆོག ལོ་རྒྱུས་ཐོག་ཏཱ་ལའི་བླ་མ་དང་པཎ་ཆེན་རིན་པོ་ཆེའི་ཁྲི་གསོལ་གྱི་མཛད་སྒོ་ཡོངས་སུ་ཀྲུང་དབྱང་སྲིད་གཞུང་གིས་ཆེད་དུ་མངགས་པའི་སྐུ་ཚབ་ངོ་མས་གཙོ་སྐྱོང་གནང་བའམ་སྤྱན་གཟིགས་གནང་བ་དང་ཆབས་ཅིག ཀྲུང་དབྱང་སྲིད་གཞུང་ནས་བསྩལ་བའི་ཆོ་ལོ་སྒྲོག་སྦྱང་དང་གནང་སྦྱིན་གསོལ་རས་གནང་གི་ཡོད། ཁྲི་གསོལ་གྱི་མཛད་སྒོ་གྲུབ་རྗེས། ཏཱ་ལའི་དང་པཎ་ཆེན་གཉིས་ཀས་གོམས་སྲོལ་ལྟར་ཀྲུང་དབྱང་ལ་ཐུགས་རྗེ་བཀའ་དྲིན་གསོལ་གྱི་ཡོད།
ཤུགས་རྐྱེན་ཆེན་པོ་ལྡན་པའི་བླ་སྤྲུལ་ཆེ་ཁག་གི་ཡང་སྲིད་ཀྲུང་དབྱང་སྲིད་གཞུང་གིས་ཆོག་མཆན་གནང་ནས་རྒྱུན་འཛིན་བྱེད་པའི་ཐོག་ནས། རྒྱལ་ཁབ་ཀྱིས་བོད་ས་གནས་ཀྱི་བདག་དབང་དང་བླ་སྤྲུལ་ཆེ་ཁག་གི་ཡང་སྲིད་ངོས་འཛིན་བྱེད་པའི་དབང་གྲགས་མཚོན་གྱི་ཡོད་པ་དང་། ལྷ་དབང་ལས་སྲིད་དབང་ཆེ་བའི་འབྲེལ་བ་དང“རྒྱལ་གཙོར་བརྟེན་ན་ཆོས་ལུགས་དར་”ཞེས་པའི་གནས་ལུགས་མཚོན་ཡོད་ལ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་འདུ་ཤེས་ཀྱང་མཚོན་ཡོད། འཛམ་གླིང་ཐོག་རྒྱལ་ཁབ་གང་འདྲ་ཞིག་ཡིན་རུང་ཚང་མས་ཁྲིམས་ལྟར་རང་ཉིད་རྒྱལ་ཁབ་ཀྱི་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་སྲིད་པ་དེ་གནའ་ནས་དེང་བར་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་དེ་ལྟར་ཡིན། དེ“ལྷ་མེད་སྨྲ་བ”དང་“ལྷ་ཡོད་སྨྲ་བའི”དད་མོས་དང་འབྲེལ་བ་སྤུ་ཙམ་ཡང་མེད་པར། དེ་ནི་རྒྱལ་ཁབ་ཀྱི་བདག་དབང་དང་སྲིད་གཞུང་གི་འགན་འཁྲིའི་དགོས་འདུན་ཟློག་ཐབས་མེད་པ་ཞིག་ཡིན། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པ་ནི་རྒྱལ་ཁབ་ཀྱི་ཁེ་ཕན་དང་སྤྱི་ཚོགས་སྤྱི་པའི་ཁེ་ཕན་ལ་ཐུག་པའི་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པ་ཞིག་ཡིན་པ་དེའི་ཐོག་ནས། ཁྲིམས་མཐུན་སྲུང་སྐྱོབ་དང་། ཁྲིམས་འགལ་བཀག་སྡོམ། སིམ་འཛུལ་ལ་འགོག་རྒོལ། ཉེས་གསོག་ལ་རྡུང་རྡེག་སོགས་ཀྱི་གོ་དོན་མང་པོ་ཞིག་མཚོན་གྱི་ཡོད་པ་དང་། མཐར་ཐུག་གི་དམིགས་ཡུལ་ནི་ཆོས་ཕྱོགས་དང་ཆོས་དད་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་ཆེད་ཡིན་པས། ཆོས་ཕྱོགས་མི་སྣ་དང་ཆོས་དད་མང་ཚོགས་ཀྱི་རྒྱབ་སྐྱོར་དང་བརྩི་བཀུར་རྒྱ་ཁྱབ་ཏུ་ཐོབ་ངེས་རེད།
གསུམ། ཡང་སྲིད་ངེས་པར་དུ་རྒྱལ་ནང་དུ་རྩད་འཚོལ་བྱེད་དགོས།
ལོ་རྒྱུས་ཐོག་བོད་བརྒྱུད་ནང་བསྟན་བླ་སྤྲུལ་གྱི་ཡང་སྲིད་རྒྱལ་ནང་དུ་རྩད་འཚོལ་བྱེད་པའི་རྩ་དོན་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་བཞིན་ཡོད་པ་ལས། ཕྱི་རྒྱལ་དུ་རྩད་འཚོལ་བྱས་དཔེ་དེ་སྔ་གཏན་ནས་བྱུང་མྱོང་མེད་པ་དེའང་། བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་བྱེད་པའི་ཐད་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས་པའི་རྩ་དོན་གལ་ཆེན་ཞིག་ཡིན།
ཀྲུང་གོ་ནི་བོད་བརྒྱུད་ནང་བསྟན་གྱི་འབྱུང་གནས་ཡིན་ཞིང་། བོད་བརྒྱུད་ནང་བསྟན་འདི་ཉིད་ནང་བསྟན་ཀྲུང་གོ་ཅན་དུ་གྱུར་པའི་ཐོན་དངོས་ཤིག་དང་། ཀྲུང་གོའི་རང་ཡུལ་ཅན་དུ་གྱུར་པའི་ཆོས་ལུགས་ཤིག་ཡིན། ཆོས་ལུགས་ཀྱི་ལྟ་བ་དང་བསམ་བློ་དང་། ཆོས་ལུགས་ཀྱི་བརྩེ་དད་དང་ཉམས་ལེན། ཆོས་ཀྱི་བྱ་སྤྱོད་དང་བྱེད་སྒོ། ཆོས་ལུགས་ཀྱི་རྩ་འཛུགས་དང་ལམ་སྲོལ་བཅས་གང་འདྲ་ཞིག་ཡིན་རུང་། ཚང་མ་ཀྲུང་གོའི་སྲོལ་རྒྱུན་གྱི་རིག་གནས་དང་མཉམ་དུ་འདྲེས་ཟིན་པ་དང་། བོད་བརྒྱུད་ནང་བསྟན་དེ་ཀྲུང་གོ་ཅན་དུ་གྱུར་པའི་ནང་བསྟན་ལ་རྦད་དེ་གྱུར་ཟིན། བོད་བརྒྱུད་ནང་བསྟན་དར་ཁྱབ་བྱ་ས་གཙོ་བོ་དང་ཆོས་དད་མང་ཚོགས་མང་ཤོས་ཀྲུང་གོར་ཡོད་པ་དང་། བླ་སྤྲུལ་གྱི་ཡང་སྲིད་འཁྲུངས་རབས་དེ་ཀྲུང་གོ་ནས་དར་འགོ་བརྩམས་པ་དང་། ཀྲུང་གོའི་དགོན་སྡེར་གཏོགས་པ་ཞིག་ཡིན་པས། བླ་སྤྲུལ་གྱི་ཡང་སྲིད་དོ་དམ་ནི་ཀྲུང་གོའི་ཆོས་ལུགས་ལས་དོན་དོ་དམ་ནང་གི་གྲུབ་ཆ་མེད་དུ་མི་རུང་བ་ཞིག་ཡིན་པ་དང་། ཁྲིམས་ལྟར་ས་ཁོངས་ཀྱི་དོ་དམ་བྱེད་རྒྱུ་དང་། རྒྱལ་ནང་དུ་རྩད་འཚོལ་གྱི་རྩ་དོན་རྒྱུན་འཁྱོངས་བྱེད་རྒྱུ་དེ་ནི་ཟློག་ཐབས་མེད་པའི་ལོ་རྒྱུས་ཀྱི་དོན་དངོས་ཤིག་རེད། ཆོས་ལུགས་ལ་རྒྱལ་མཚམས་མེད་མོད། འོན་ཀྱང་ཆོས་དད་པར་རྒྱལ་མཚམས་ཡོད། ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་གྱི་མ་དགོན་ནི་ཀྲུང་གོའི་འབྲས་སྤུངས་དགོན་པ་ཡིན་པ་དང་། ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་སོགས་བླ་སྤྲུལ་ཆེ་ཁག་ཡང་ཀྲུང་གོའི་རྒྱལ་ནང་དུ་རྩད་འཚོལ་ངོས་འཛིན་བྱས་པ་ཞིག་ཡིན་པ་ལས། ཕྱི་རྒྱལ་དུ་རྩད་འཚོལ་བྱས་པའི་སྔོན་དཔེ་རྩ་བ་ཉིད་ནས་མེད། ས་ཁོངས་ཀྱི་བརྩེ་སེམས་དང་ཆོས་དད་མང་ཚོགས་ཀྱི་བརྩེ་དད་ནི་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་བྱེད་པའི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན་པས། བླ་སྤྲུལ་གྱི་ཡང་སྲིད་སུ་འདྲ་ཞིག་ཡིན་རུང་བླ་སྤྲུལ་འདི་ཉིད་གསོ་སྐྱོང་བྱེད་མཁན་མ་དགོན་དང་རྒྱལ་ཁོངས་ལས་ཁ་འབྲལ་ཐབས་རྩ་བ་ཉིད་ནས་མེད་ལ། བླ་སྤྲུལ་འདི་ཉིད་གཏོགས་སའི་ས་ཁོངས་ཀྱི་ཆོས་དད་མང་ཚོགས་ཀྱི་ཆོས་ལུགས་བརྩེ་དུང་ལའང་སྣང་ཆུང་རྩ་བ་ཉིད་ནས་བྱེད་མི་རུང་།
སྤྱི་ལོ་2010ལོའི་ཟླ་7ཚེས་4ཉིན། བོད་ལྗོངས་ལྷུན་རྩེ་རྫོང་སྦྲ་སྒོར་དགོན་གྱི་སྡེ་དྲུག་སྐུ་ཕྲེང་ལྔ་པའི་ཡང་སྲིད་ངོས་འཛིན་གྱི་གསེར་བུམ་དཀྲུག་འདོན་མཛད་སྒོ་དེ་ལྷ་ལྡན་གཙུག་ལག་ཁང་གི་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་མདུན་དུ་གཟབ་རྒྱས་ངང་བྱས་པ་དང་། འོས་སྤྲུལ་ཁྱེའུ་བློ་བཟང་རྡོ་རྗེ་དོན། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་འོས་སྤྲུལ་འདི་ཉིད་སྡེ་དྲུག་སྐུ་ཕྲེང་ལྔ་པ་འཇམ་དཔལ་སྐལ་བཟང་རྒྱ་མཚོའི་ཡང་སྲིད་དུ་ངོས་འཛིན་ཞུས་པ་མ་ཟད་གཙུག་ཕུད་བཞེས་ནས་སྡེ་དྲུག་རིན་པོ་ཆེ་སྐུ་ཕྲེང་དྲུག་པའི་ཐུགས་འགན་བཞེས་། འདི་ནི《བོད་བརྒྱུད་ནང་བསྟན་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་དོ་དམ་བྱེད་ཐབས་》ཞེས་པ་ཁྱབ་བསྒྲགས་བྱས་ཚུན། གསེར་བུམ་དཀྲུག་འདོན་བྱ་ཐབས་ལ་བརྟེན་ནས་ངོས་འཛིན་བྱས་པའི་བླ་སྤྲུལ་ཆེ་གྲས་ཨང་དང་པོ་ཡིན་ཞིང་། དེའི་རྩད་འཚོལ་ངོས་འཛིན་ཐད་ཐོག་མཐའ་བར་གསུམ་དུ་ཆོས་ལུགས་ཀྱི་ཆོ་ག་དང་། ལོ་རྒྱུས་ཀྱི་ངེས་སྲོལ། གསེར་བུམ་དཀྲུག་འདོན། སྲིད་གཞུང་གི་ཆོག་མཆན་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཡོད་པ་སྤྱི་དང་། ལྷག་དོན་དུ་ལྷུན་རྩེ་རྫོང་དུ་འཁྲུངས་པའི་སྤྲུལ་སྐུ་སྡེ་དྲུག་སྐུ་ཕྲེང་དྲུག་པ་ནི་ཏང་དང་སྲིད་གཞུང་གིས་བོད་བརྒྱུད་ནང་བསྟན་ཆོས་ཕྱོགས་ཀྱི་དགོངས་འཆར་ལ་བརྩི་འཇོག་གང་ལེགས་དང་། རྒྱ་ཆེའི་ཆོས་དད་མང་ཚོགས་ཀྱི་ཆོས་ལུགས་བརྩེ་དུང་ལ་བརྩི་འཇོག་གང་ལེགས་གནང་ནས། རྒྱལ་ནང་དུ་རྩད་འཚོལ་དང་ས་ཁོངས་སུ་རྩད་འཚོལ་བྱེད་རྒྱུ་རྒྱུན་འཁྱོངས་གནང་ཐོག ཆོས་དད་རང་མོས་ཀྱི་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་མཐར་ཕྱིན་གནང་བའི་དངོས་དཔེ་གསོན་ཉམས་ལྡན་པ་ཞིག་ཡིན་པ་དང་། དེའི་ཐོག་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཆ་རྐྱེན་འོག་བོད་བརྒྱུད་ནང་བསྟན་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་བྱེད་པའི་ལས་དོན་གྱི་དོ་དམ་དེ་ཚད་ལྡན་ཅན་དང་ཁྲིམས་སྐྱོང་ཅན་དུ་འགྱུར་རྒྱུར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་མཚོན་ཡོད་ལ། ཆོས་དད་རང་མོས་ཀྱི་སྲིད་ཇུས་དངོས་འབྲེལ་ལག་བསྟར་དོན་འཁྱོལ་བྱུང་བ་ཡང་མཚོན་ཡོད།
བོད་བརྒྱུད་ནང་བསྟན་བླ་སྤྲུལ་གྱི་ཡང་སྲིད་ལས་དོན་དོ་དམ་གྱི་ལོ་རྒྱུས་འཕེལ་རིམ་ལ་ཕྱོགས་ཡོངས་ནས་བལྟས་ཚེ། དེའི་ནང་དུ་ཆགས་པའི་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་བྱེད་སྐབས་ཆོས་ལུགས་ཆོ་ག་དང་ལོ་རྒྱུས་ངེས་སྲོལ་ལ་བརྩི་འཇོག་བྱེད་རྒྱུ་ནི་ངེས་པར་དུ་བརྩི་སྲུང་བྱ་དགོས་པའི་རྩ་བའི་རྩ་དོན་ཞིག་ཡིན། གསེར་བུམ་དཀྲུག་འདོན་གྱི་ལམ་སྲོལ་དང་། ཀྲུང་དབྱང་སྲིད་གཞུང་གིས་རྒྱུན་འཛིན་ལ་ཆོག་མཆན་བཀོད་པའི་ལམ་ལུགས། ཡང་ན་རྒྱལ་ནང་དུ་རྩད་འཚོལ་བྱེད་པའི་རྩ་དོན་བཅས་གང་ཞིག་ཡིན་རུང་། དེ་དག་ཚང་མའི་ཐོག་ནས་ཀྲུང་དབྱང་སྲིད་གཞུང་རིམ་བྱུང་གིས་བོད་བརྒྱུད་ནང་བསྟན་ལ་བརྩི་མཐོང་ཧ་ཅང་ཆེན་པོ་གནང་བ་དང་བོད་བརྒྱུད་ནང་བསྟན་གྱི་ཆོས་ཕྱོགས་མི་སྣ་དང་ཆོས་དད་མང་ཚོགས་ལ་ཐུགས་འཁུར་ཟབ་མོ་གནང་བ་མཚོན་གྱི་ཡོད་ལ། བོད་བརྒྱུད་ནང་བསྟན་ཆོས་ཕྱོགས་ལ་རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་འགྲོ་ཕན་གྱི་སྲོལ་རྒྱུན་བཟང་པོ་ལྡན་པ་ཡང་ཟབ་མོ་མཚོན་གྱི་ཡོད། མིག་སྔའི་སྤྱི་ཚོགས་རིང་ལུགས་ཀྱི་ཆ་རྐྱེན་འོག བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་བྱེད་པའི་ལོ་རྒྱུས་ཀྱི་ངེས་སྲོལ་དང་གལ་ཆེའི་རྩ་དོན་རྒྱུན་འཁྱོངས་བྱེད་རྒྱུ་དེ་ནི་བོད་བརྒྱུད་ནང་བསྟན་གྱི་རྒྱུན་ལྡན་སྒྲིག་ལམ་སྲུང་སྐྱོང་བྱེད་རྒྱུ་དང་། ཆོས་ལུགས་འཆམ་མཐུན་དང་སྤྱི་ཚོགས་ཞི་མཐུན་སྲུང་སྐྱོང་བྱེད་རྒྱུའི་དགོས་ངེས་ཀྱི་ཆ་རྐྱེན་ཞིག་ཡིན། ཨ་རིའི“ཁྲིམས་གཞི”ཟེར་བ་དེས་འཇིག་རྟེན་སྐྱེ་བོའི་ཚོགས་ལ་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་དམར་རྗེན་གྱི་སྒོ་ནས་ཐེ་གཏོགས་བྱས་ཚུལ་ཞིག་བཞག་ཡོད་པས། སྣ་རྒྱུག་ཕོག་ནས་བཞད་གད་བྱ་ཡུལ་རྨོངས་པ་ཞིག་ཏུ་འགྱུར་རྒྱུ་ལས་གཞན་ཅི།
རྩོམ་སྒྲིག་པ། བདེ་སྒྲོལ།