ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

པེ་ཅིང་བོད་སྐྲུན་བོད་སྐྱོར་ལས་དོན་པའི་མཐུན་ཚོགས་ཀྱི་སྐབས་ལྔ་པའི་འཐུས་མི་ཚོགས་ཆེན་པེ་ཅིང་དུ་འཚོགས་པ།

སྤེལ་དུས 2021-07-07 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་ཤིས་རྒྱལ་གྱིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ7པའི་ཚེས3ཉིན་པེ་ཅིང་བོད་སྐྲུན་བོད་སྐྱོར་ལས་དོན་པའི་མཐུན་ཚོགས(གཤམ་དུ“མཐུན་ཚོགས”ཞེས་བསྡུ་རྒྱུ)ཀྱི་སྐབས་ལྔ་པའི་ འཐུས་མི་ཚོགས་ཆེན་པེ་ཅིང་དུ་འཚོགས་པ་རེད། 

ཚོགས་འདུའི་ཡུལ་དངོས། 
          ཚོགས་འདུའི་སྟེང་། སྐབས་བཞི་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཧྥན་ཞའོ་ཅན་གྱིས《མཐུན་ཚོགས་སྐབས་བཞི་པའི་ལས་དོན་སྙན་ཞུ》གནང་ནས་སྐབས་བཞི་པའི་མཐུན་ཚོགས་ཀྱི་འགོ་ཁྲིད་ཚན་ཁག་གི་བསམ་བློ་འཛུགས་སྐྱོང་དང་བོད་ལྗོངས་ལ་ཞབས་ཞུ། རང་ངོས་འཛུགས་སྐྱོང་བཅས་ཕྱོགས་གསུམ་ཐད་ཀྱི་ལས་དོན་གཙོ་བོ་རྒྱས་བཤད་གནང་བ་དང་། མཐུན་ཚོགས་ཀྱི་སྐབས་ལྔ་པའི་ཚོགས་མིའི་འཐུས་མི་ཚོགས་ཆེན་ཐོག《མཐུན་ཚོགས་ཀྱི་སྐབས་བཞི་པའི་ནོར་དོན་སྙན་ཞུ》དང《མཐུན་ཚོགས་ཀྱི་སྐབས་བཞི་པའི་ལྟ་ཞིབ་ཚོགས་པའི་ལས་དོན་སྙན་ཞུར》གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་མ་ཟད། མཐུན་ཚོགས་ཀྱི་སྒྲིག་ཡིག་ལམ་ལུགས་བཟོ་བཅོས་ཀྱི་གྲོས་གཞིར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་། མཇུག་མཐར་སྐབས་གསར་པའི་ཚོགས་གཙོ་ཅིན་ཧྲུའུ་པོ་དང་ཚོགས་གཙོ་གཞོན་པ་ཀའོ་ཡང་དང་ང་ཕོད་འཇིགས་ཡོན་སོགས་དང་དེ་བཞིན་དྲུང་ཆེ་ཐང་ཀྲའོ་མིང་དང་ལྟ་ཞིབ་དཔོན་ཆང་ཤིན་བཅས་བདམས་ཐོན་བྱུང་པ་རེད། 

ཚོགས་འདུའི་ཡུལ་དངོས་སུ་འཐུས་མི་ཚོས་ལག་པ་བཀྱགས་ཏེ་བརྡས་ཐག་གཅོད་བཞིན་པ། 

ཚོགས་མིའི་འཐུས་མི་རྣམས་ཀྱིས་འདེམས་ཤོག་སྐོང་བཞིན་པ། 

འཐུས་མིས་འདེམས་ཤོག་འཕེན་བཞིན་པ། 

འདེམས་ཤོག་ལྟ་ཞིབ་པས་འདེམས་ཤོག་ལ་སྡོམ་རྩིས་རྒྱག་བཞིན་པ། 
          ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་བོད་རང་སྐྱོང་ལྗོངས་ཏང་ཨུད། པེ་ཅིང་གྲོང་ཁྱེར་དམངས་སྲིད་ཅུས། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས། ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས། ཀྲུང་ཧྭ་དགེ་སྒྲུབ་སྤྱི་ཁྱབ་ཚོགས་པ། ཀྲུང་གོའི་དབུལ་སྐྱོར་དང་བླངས་ཞབས་ཞུ་སྐུལ་འདེད་ཚོགས་པ། ཀྲུང་གོའི་ཚན་རིག་གླིང་སློབ་ཆེན་སློབ་གསོའི་ཐེབས་རྩ་ལྷན་ཚོགས། ཀྲུང་གོའི་ཞིང་ལས་སློབ་ཆེན་བཟོ་ལས་སློབ་གླིང་སོགས་འབྲེལ་ཡོད་སྡེ་ཚན་དང་འགན་འཁུར་བ། དེ་མིན་མཐུན་ཚོགས་ཀྱི་ཚོགས་མི་འཐུས་མི་ཡོངས་བཅས་མི་བརྒྱ་ལྷག་ཚོགས་འདུར་ཞུགས་ཡོད་པ་རེད། 
          འདེམས་བསྐོ་བྱས་ཚར་རྗེས། སྒྲོག་འདོན་བྱེད་མཁན་གྱིས་སྐབས་བཅུ་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་རག་སྡིས་ཀྱིས་མཐུན་ཚོགས་ཀྱི་སྐབས་བརྗེ་ལ་བསྐུར་བའི་འཕྲིན་ཡིག་སྒྲོག་འདོན་གནང་བ་རེད། རག་སྡིས་ཀྱིས་འཕྲིན་ཡིག་ནང་མཐུན་ཚོགས་ཀྱིས་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ100འཁོར་བ་དང་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ70འཁོར་བའི་གལ་ཆེའི་དུས་སྐབས་འདི་འདྲར་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་བཏོད་པར་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད། སྐབས་གསར་པའི་འགོ་ཁྲིད་དཔུང་སྡེའི་སྣེ་ཁྲིད་འོག མཐུན་ཚོགས་ཀྱིས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”མུ་མཐུད་དར་སྤེལ་བཏང་སྟེ། དུས་རབས་གསར་པའི་བོད་ལྗོངས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་བྱས་རྗེས་དེ་བས་ལྷག་པ་འབུལ་ཐུབ་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད། 
          སྒྲོག་འདོན་བྱེད་མཁན་གྱིས་ད་དུང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དབྱང་ཁྲོན་ཐང་དང་མཐུན་ཚོགས་ཀྱི་དེ་སྔའི་མཚན་འཛིན་ཚོགས་གཙོ། སློབ་སྦྱོང་མཛུབ་སྟོན་དགེ་རྒན་དབྱིན་ཧྥ་ཐང་གི་འཕྲིན་ཡིག་སྒྲོག་འདོན་གནང་། ཁོང་ཚོས་འཕྲིན་ཡིག་ནང་མཐུན་ཚོགས་སྔར་ལས་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་རྒྱུ་དང་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ100འཁོར་བར་རྟེན་འབྲེལ་ཞུ་བར་སྙིང་ཐག་པ་ནས་སྨོན་འདུན་ཞུ་བཞིན་ཡོད་ཅེས་གསུངས་པ་རེད། 

གསར་དུ་བསྐོ་གཞག་གནང་པའི་ཚོགས་གཙོ་ཅིན་ཧྲུའུ་པོ(གཡོན)ཡིས་ཚོགས་གཙོ་རྒན་པ་ཧྥན་ཞའོ་ཅན(གཡས)ལ་སློབ་སྦྱོང་མཛུབ་སྟོན་དགེ་རྒན་གྱི་གདན་ཞུའི་ཡི་གེ་སྤྲོད་བཞིན་པ།
          གསར་དུ་བསྐོ་གཞག་གནང་པའི་ཚོགས་གཙོ་ཅིན་ཧྲུའུ་པོ་ཡིས་ཚོགས་ཆེན་ཐོག་ཕྱོགས་བསྡོམས་གཏམ་བཤད་གནང་སྐབས། མཐུན་ཚོགས་ཀྱི་རྩ་བའི་ལས་འགན་ནི་ཚོགས་མི་ཡོངས་དང་བོད་ལྗོངས་འཛུགས་སྐྲུན་བྱེད་འདོད་ཡོད་པའི་དང་བླངས་པ་རྣམས་ལ་ མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་དང་། ཏང་ཀྲུང་དབྱང་གིས་གཏན་འབེབས་གནང་བའི་དུས་རབས་གསར་པའི་བོད་སྐྱོང་ཐབས་ཇུས་དང་བོད་ལྗོངས་ ལས་དོན་ཐད་ཀྱི་གལ་ཆེའི་མཛུབ་སྟོན་དགོངས་དོན་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཐོག བོད་ལྗོངས་ཀྱི་ལས་དོན་གྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་ནས་བོད་ལྗོངས་ཀྱི་གོང་འཕེལ་ཡར་རྒྱས་དང་ཡུན་རིང་བདེ་འཁོད། བོད་ལྗོངས་མི་དམངས་ཀྱི་བདེ་སྐྱིད་ཁམས་བཟང་། བོད་ལྗོངས་ཀྱི་གྲོང་གསེབ་དར་རྒྱས་ཡོང་ཆེད་རང་ནུས་ཅི་ལྕོགས་ཀྱི་བྱ་བ་དངོས་དང་མི་སེམས་ལ་དྲོ་སྐྱིད་སྦྱིན་པའི་དོན་བཟང་། ཁ་ཚ་དགོས་གཏུགས་ཀྱི་དོན་དག་ལེགས་པོ་རེ་སྒྲུབ་རྒྱུ་དེ་ཡིན་ཞེས་གསུངས། 
          ཅིན་ཧྲུའུ་པོ་ཡིས། མཐུན་ཚོགས་ཀྱིས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”རྒྱུན་འཁྱོངས་ལྷོད་མེད་ངང་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། བོད་ལྗོངས་ཀྱི་ཕུལ་བྱུང་མི་རིགས་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་སྔོག་འདོན་བྱས་ནས་རིག་གནས་སྤེལ་རེས་དང་འགྲེམས་སྟོན་ཡག་པོ་བྱ་རྒྱུ་ཡིན་ལ། དུས་མཚུངས། ཞིང་འབྲོག་མང་ཚོགས་ལ་ལས་རིགས་སློབ་གསོ་དང་ནད་བཅོས་སྨན་བཅོས། གཞི་རིམ་ལས་བྱེད་པ་དང་མང་ཚོགས་པེ་ཅིང་དུ་སློབ་སྦྱོང་དང་ལྟ་སྐོར་བྱེད་པའི་ལས་སྟེགས་སོགས་ཀྱི་ལས་དོན་ཧུར་ཐག་སྒོས་སྒྲུབ་ངེས་ཡིན་ཞེས་བསྟན་བྱུང་། 
          ངོ་སྤྲོད་བྱས་པར་གཞིགས་ན། པེ་ཅིང་བོད་སྐྲུན་བོད་སྐྱོར་ལས་དོན་པའི་མཐུན་ཚོགས་ནི2010ལོར“པེ་ཅིང་བོད་སྐྲུན་ལས་བྱེད་པ་རྒན་གྲས་ཀྱི་མཐུན་འབྲེལ་ལྷན་ཚོགས”ཞེས་པའི་མིང་བསྒྱུར་ནས་བཙུགས་པ་དང་། དེ་ནས་བཟུང་། བོད་སྐྲུན་བོད་སྐྱོར་ལས་དོན་པས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དར་སྤེལ་བཏང་སྟེ་བོད་ལྗོངས་ལ་ཞབས་འདེགས་ཞུ་བ་དང་། ཅིང་བོད་ས་ཆ་གཉིས་ཀྱི་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་བཏོན་ཡོད་ཅིང་། ལྷག་པར་དུ་ཉེ་བའི་ལོ་ཤས་རིང་མཐུན་ཚོགས་ཀྱིས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”སྒྲོག་འགྲེལ་དང་། ས་མཐོའི་ལྕི་བ་འཐུ་བའི་འཁོར་ཆས། བ་གླང་རྒྱུད་བཟང་དུ་གཏོང་བ་སོགས་ཀྱི་ལས་དོན་སྤེལ་བ་བརྒྱུད་བོད་ལྗོངས་ཀྱི་མང་ཚོགས་ཀྱི་གདེང་འཇོག་བཟང་པོ་ཡོངས་ཁྱབ་ངང་ཐོབ་ཡོད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།