ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

“མེས་རྒྱལ་མངའ་ཁོངས་ཀྱི་རྩྭ་རྩི་ཤིང་ཚུན་ཆད་ང་ཚོས་སྲུང་སྐྱོང་ཡག་པོ་བྱེད་དགོས”

སྤེལ་དུས 2021-07-27 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
—— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ལྗོངས་ཀྱི་མི་དམངས་ལ་ཐུགས་ཁུར་གཟབ་བཞེས་གནང་བ། (བར་ཆ)
འདི་ནི་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན“སྐལ་བཟང་མེ་ཏོག་མཛེས་ཤོས”ཏེ་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ཡིན་པ། (དཔྱད་གཞིའི་པར་རིས) 
           སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས་གངས་ལྗོངས་ས་མཐོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་དགོས།
           ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་ཀྱི་མཐའ་མཚམས་སྟོབས་ཆེར་གཏོང་བའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་སྟེ། མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ་མ་ཟད། སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ་ཁོང་སྐུ་ངོ་མས་འཕྲིན་ལན་སྤྲིངས་གནང་སྟེ། བོད་ལྗོངས་ཀྱི་མཐའ་མཚམས་སྟོབས་ཆེར་གཏོང་རྒྱུའི་ཐབས་འདོན་ཇུས་འདོན་གནང་ནས་བོད་སྐྱོང་དང་། བོད་བརྟན། བོད་དར་བཅས་གསུམ་གྱི་བྱ་གཞག་གི་ལེའུ་གསར་པ་རྒྱུན་ཆད་མེད་པར་རྩོམ་རྒྱུར་སྣེ་ཁྲིད་གནང་ཡོད།
           སྤྱི་ཁྱབ་ཧྲུའུ་ཅིས་བཀའ་མངགས་གལ་ཆེན་ཡང་ཡང་གནང་བ་དེ་སྐད་གསང་མཐོན་པོའི་དུང་བརྡ་དང་མཚུངས་ཤིང་། མཐའ་སྐྱོང་བོད་བརྟན་དང་མཐའ་དར་དམངས་ཕྱུག་གི་རུབ་འཛོམས་དུང་བརྡ་ཡོངས་སུ་གྲགས་ཡོད།
           རང་ལྗོངས་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། རང་རྟོགས་ངང་མཐའ་མཚམས་ལས་དོན་དེ་ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ཁྲོད་བཞག་ནས་བསམ་གཞིག་དང་ཇུས་འགོད་བྱས་ཁར། མཐའ་མཚམས་འཕེལ་རྒྱས་མགྱོགས་པོ་གཏོང་རྒྱུ་དང་མཐའ་མཚམས་སྲ་བརྟན་དང་མཐའ་མཚམས་ཀྱི་བདེ་འཇགས་འགན་ལེན་བྱ་རྒྱུའི་གཙོ་རྐང་དེར་དམ་པོར་དམིགས་པ་དང་མཐའ་མཚམས་སྟོབས་ཆེར་དང་སྲ་བརྟན་དུ་གཏོང་རྒྱུ་དེ་ལས་འགན་ཨང་དང་པོར་བརྩིས་ནས་སྤྱི་འདོམས་འཆར་འགོད་བྱེད་པ་དང་།  སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ། རིགས་དབྱེ་ཇུས་བསྟར་བཅས་བྱས་ཏེ། མཐའ་མཚམས་བདེ་འཇགས་སྲ་བརྟན་དང་། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་། མི་རིགས་མཐུན་སྒྲིལ་ཡར་རྒྱས། མཐའ་མཚམས་ཀྱི་མི་སེར་བདེ་སྡོད་ལས་བརྩོན་བཅས་ཀྱི་རྣམ་པ་གསར་པ་བཏོད་ཡོད།
           དེ་ནི་གངས་ལྗོངས་ས་མཐོར་འཕྲོས་པའི་ཉི་འོད་རེད།
           ཀྲུང་གོའི་ལྷོ་ནུབ་མཐའ་མཚམས་ཀྱི་སྒོ་མོ་གལ་ཆེན་ཞིག་ཡིན་པའི་བོད་ལ་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚད་མཐོའི་མཐོང་ཆེན་དང་ཐུགས་ཁུར་ཟབ་མོ་གནང་བ།
           མཐའ་སྲུང་སྟོབས་ཆེན་འགྱུར་ན་རྒྱལ་ཁབ་བདེ་ལ་འཁོད། མཐའ་སྲུང་ཉམས་ན་རྒྱལ་ཁབ་ཟང་ཟིང་ཆགས།
           དམིགས་བསལ་གྱི་མཐའ་མཚམས་མི་རིགས་ས་ཁུལ་ཞིག་ཡིན་པའི་བོད་ཀྱི་འཐབ་ཇུས་གནས་བབ་གལ་འགངས་ཤིན་ཏུ་ཆེ་ཞིང་། དེ་མེས་རྒྱལ་གཅིག་གྱུར་དང་། སྤྱི་ཚོགས་བརྟན་ལྷིང་། རྒྱལ་ཁབ་ཡུན་རིང་བདེ་འཁོད་བཅས་དང་འབྲེལ་བ་ཡོད།
           ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་ཁྲོད་ནས་བོད་ཀྱི་མཐའ་མཚམས་སྟོབས་ཆེར་གཏོང་བའི་ལས་དོན་ལ་བསམ་གཞིག་ཇུས་འགོད་དང་སྐུལ་ཁྲིད་སྐུལ་འདེད་བཏང་གནང་བ་མ་ཟད། བོད་ཀྱི་མི་དམངས་ཕྱུག་པོ་དང་མཐའ་མཚམས་སྟོབས་ཆེར་གཏོང་བར་ངོ་བོའི་རང་བཞིན་གྱི་མཆོང་སྐྱོད་ཡོང་རྒྱུར་ཁོང་སྐུ་ངོ་མས་སྣེ་ཁྲིད་ཀྱང་གནང་ཡོད།
           2013ལོའི་ཟླ་3ཚེས་9ཉིན་སྤྱི་ཁྱབ་ཧྲུའུ་ཅིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོའི་བོད་ཀྱི་འཐུས་མི་ཚོགས་པའི་ཁྲོད་དུ་ཕེབས་ཏེ། ཚོགས་ཆུང་ཁག་བགོས་ཀྱི་གྲོས་ཞིབ་ནང་ཞུགས་པ་རེད། ཁོང་གིས་བོད་ནི་རང་རྒྱལ་གྱི་རྒྱལ་ཁབ་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་རེད། ཏང་དང་རྒྱལ་ཁབ་ཀྱི་འཐབ་ཇུས་སྤྱི་ཡོངས་ཁྲོད་གནས་བབ་གལ་ཆེན་བཟུང་ཡོད། རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བར་བྱེད་དགོས་ཞེས་ནན་བཤད་གནང་ཡོད།
           “རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བར་བྱེད་དགོས”ཞེས་པ་དེ་ནི་སྲ་བརྟན་ནུས་ལྡན་དང་དོན་སྙིང་གཏིང་ཟབ་ལྡན་པ་ཞིག་རེད་ལ། བོད་སྐྱོང་མཛད་ཇུས་ཐད་ཀྱི་སྤྱི་ཁྱབ་ཧྲུའུ་ཅིའི་འཐབ་ཇུས་བསམ་གཞིག་ཅིག་ཀྱང་རེད། དེ་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅིས་རྒྱལ་ཁབ་ཀྱི་སྤྱི་ཡོངས་ཁྲོད་ཀྱི་བོད་ཀྱི་ལས་དོན་གྱི་འཐབ་ཇུས་གནས་བབ་སྔར་ན་བྱུང་མྱོང་མེད་པའི་མཐོ་ཚད་གསར་པ་ཞིག་ཏུ་མཐོར་འདེགས་གནང་བ་མཚོན་ཡོད།
           2015ལོའི་ཟླ་8པར་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག སྤྱི་ཁྱབ་ཧྲུའུ་ཅིས“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བར་བྱེད་དགོས”ཞེས་པའི་འཐབ་ཇུས་དགོངས་པ་དེ་ཏང་གི་བོད་སྐྱོང་མཛད་ཇུས་ནང་ཁ་གསལ་པོར་བཅུག་གནང་ཡོད།
           2017ལོའི་ཟླ་10ཚེས་28ཉིན་ཏང་གི་ཚོགས་ཆེན་བཅུ་དགུ་པ་གྲོལ་ནས་ཡུན་རིང་མ་སོང་བར། སྤྱི་ཁྱབ་ཧྲུའུ་ཅིས་ཡུལ་སྨད་ཤང་གི་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ་འཕྲིན་ལན་སྤྲིངས་གནང་སྟེ། ཁོང་ཚོ་ཕ་དང་བུ་མོ་མི་རབས་གཉིས་ཀྱིས་རྒྱལ་ཁབ་ཀྱི་མཐའ་མཚམས་སྲུང་བའི་བྱ་སྤྱོད་རྒྱུན་མཐུད་བྱས་པར་ཚད་མཐོའི་གདེང་འཇོག་གནང་བ་དང་འབྲེལ“མེས་རྒྱལ་མངའ་ཁོངས་ཀྱི་རྩྭ་རྩི་ཤིང་ཡོད་དོ་ཅོག་ལ་ང་ཚོས་ལྟ་སྲུང་ཡག་པོ་བྱེད་དགོས”ཞེས་བཀའ་མངགས་ཀྱང་གནང་ཡོད།
           འཕྲིན་ལན་གཅིག་ལས་མེས་རྒྱལ་གྱི་མཐའ་མཚམས་དང་རྒྱལ་ས་གཉིས་དམ་པོར་སྦྲེལ།
           “དེ་ང་ཚོའི་བསམ་ཡུལ་ལས་འདས་སོང་། སྤོ་བོ་ལགས་ཀྱི་དུས་ནས་བཟུང་ང་ཚོ་ནང་མི་ཚང་མས་རྒྱལ་ཁབ་ཀྱི་ཆེད་དུ་མཐའ་མཚམས་ལོ་བཅུ་གྲངས་བསྲུངས་པ་ཡིན་ལ་མེས་རྒྱལ་གྱིས་ཀྱང་ད་བར་དུ་ང་ཚོ་བརྗེད་མི་འདུག ང་ཚོའི་རྒྱལ་གཅེས་ཀྱི་བསམ་ཚུལ་མེས་རྒྱལ་གྱིས་མཁྱེན་འདུག མེས་རྒྱལ་གྱིས་གནང་བའི་ཁས་ལེན་དེ་གསེར་ལས་ལྷག”ཅེས་གཡང་འཛོམས་ཀྱི་བུ་བསོད་ནམས་དོན་གྲུབ་ཀྱིས་དགའ་བ་དཔག་མེད་ངང་བཤད།
           2020ལོའི་ཟླ་8ཚེས་28ཉིན་ནས་ཚེས་29ཉིན་བར། པེ་ཅིང་།
           ཏང་གི་བོད་ཀྱི་ལས་དོན་ལོ་རྒྱུས་ཐོག་གི་ལམ་ཚད་རྡོ་རིང་གསར་པ་སྟེ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་འཚོགས་ཡོད།
           ད་ཐེངས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་རྒྱས་བཤད་གཏིང་ཟབ་གནང་ནས“ངེས་པར་དུ་བཅུ”ཁ་གསལ་པོར་བཏོན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅིས་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པར་ངེས་པར་དུ་རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི་འཐབ་ཇུས་ཀྱི་དགོངས་པ་མཐའ་འཁྱོངས་བྱེད་དགོས་ཞེས་སླར་ཡང་ནན་བཤད་གནང་ཡོད།
           དེ་ནི་དུས་རབས་གསར་པའི་བོད་ཀྱི་མཐའ་མཚམས་སྟོབས་ཆེར་གཏོང་བའི་ལས་དོན་གྱི“རྒྱ་མིག”ཅིག་རེད།
           དེ་ནི་དཔའ་ངར་ཆེན་པོས་མདུན་དུ་སྐྱོད་པའི་གོམ་སྟབས་བརྟན་པོ་ཞིག་རེད།
           བོད་ཀྱིས་མཐའ་མཚམས་སྟོབས་ཆེར་གཏོང་བའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅིར་ལྷག་བསམ་རྣམ་དག་ཞུ་ལུགས་མཚོན་པར་བྱས་ཡོད།
           དམངས་ཕྱུག་བྱུང་ན་མཐའ་མཚམས་སྟོབས་ཆེར་འགྲོ མཐའ་སྟོབས་རྒྱས་ན་དམངས་ཕྱུག་དེ་བས་ཡོང་།
           སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག“མཐའ་མཚམས་ས་ཁུལ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས་ཤིང་། དམིགས་བསལ་གྱི་རྒྱབ་སྐྱོར་སྲིད་ཇུས་སྤྱད་དེ་མཐའ་མཚམས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་རོགས་དང་རྒྱབ་ཕྱོགས་ཀྱི་སེམས་ཁྲལ་སེལ་རོགས་བྱེད་དགོས”ཞེས་ནན་བཤད་གནང་ཡོད།
           སྤྱི་ཁྱབ་ཧྲུའུ་ཅིའི་བྱམས་བརྩེའི་ཐུགས་ཁུར་འོག བོད་ཀྱིས་བྱས་རྗེས་འཇོག་ཕོད་པ་དང་འགན་འཁྲི་འཁུར་ཕོད་པ་བྱས་ཏེ། ཏང་ཀྲུང་དབྱང་གི་མཐའ་མཚམས་སྟོབས་ཆེར་གཏོང་བའི་ལས་དོན་གྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་མཐའ་མཚམས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱས་ཡོད།
           བསམ་ཕྱོགས་དང་འདུ་ཤེས་རབ་དང་རིམ་པ་གསར་གཏོད་རྣམ་པའི་ཐོག་ནས་བཏོན་པ་དང་སྲིད་ཇུས་དང་བྱེད་ཐབས་སྦབ་ཆ་གཅིག་དོན་འཁྱོལ་བྱས་པར་ཕན་འབྲས་ཐོན་ཡོད།
           ཏང་ཨུད་ཀྱིས་ཁ་ཕྱོགས་སྟངས་འཛིན་བྱེད་པ་དང་། སྲིད་གཞུང་གིས་ཁྱོན་ཡོངས་ནས་མཐུན་སྦྱོར་བྱེད་པ། དམག་དཔུང་གིས་རྐང་འཛིན་བྱེད་པ། ཉེན་རྟོག་ཕྱོགས་ཀྱིས་བཅོས་སྐྱོང་ལ་དམ་འཛིན་བྱེད་པ། མང་ཚོགས་ཀྱིས་རྨང་གཞི་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ཏེ་མངའ་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་། མངའ་ཁོངས་སྲུང་བའི་འགན་འཁྲི་འཁུར་བ། མངའ་ཁོངས་སྲུང་བའི་འགན་འཁྲི་གཙང་སྒྲུབ་བཅས་ཐུབ་པར་བྱས་པ་དང་།
           མ་བྱུང་སྔོན་འགོག་རྩ་དོན་དུ་བྱས་ནས་ལས་དོན་བསྒྲུབ་པ་དང་། གནད་དོན་ཆེན་པོ་མ་ཐོན་སྔོན་འགོག་རྨང་གཞིར་བྱས་ནས་གྲ་སྒྲིག་བྱེད་པ། འགན་འཁུར་ཕོད་པ་དང་འགན་འཁྲི་དོན་འཁྱོལ་ཚད་གཞིར་བྱས་ནས་ལས་བྱེད་པར་ལྟ་སྟངས་འཛིན་པ་བཅས་མཐའ་འཁྱོངས་བྱས་ཏེ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་ནས་མཐའ་མཚམས་བཅོས་སྐྱོང་དེ་བརྟན་ལྷིང་ཐད་གཞན་སྐུལ་ནས་རང་འགུལ་དུ་འགྱུར་བར་སྐུལ་འདེད་བཏང་བ།
           དཀའ་ངལ་དང་རྙོག་དྲ་སྲིད་གཞུང་གིས་ཐག་གཅོད་བྱེད་པ་དང་སྟབས་བདེ་དང་དངོས་ཕན་མང་ཚོགས་ལ་སྤྲོད་པ་མཐའ་འཁྱོངས་བྱས་ཏེ། རྣམ་གྲངས་དང་མ་དངུལ་དེ་བས་མང་བ་མཐའ་མཚམས་ཀྱི་འཐབ་ས་དང་པོར་བཏང་བ་དང་མཐའ་མཚམས་ས་ཁུལ་དུ་སྤྱི་པའི་ཞབས་འདེགས་ཞུ་རྒྱ་ཆེ་རུ་བཏང་ནས་མཐའ་མཚམས་ཀྱི་དམངས་འཚོའི་ཞན་ཆ་གསབ་པ།
           མཐའ་མཚམས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ། མཐའ་མཚམས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། མཐའ་མཚམས་ཀྱི་ཁྱད་ལྡན་ལེགས་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། མཛེས་སྡུག་ལྡན་པའི་མཐའ་མཚམས་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། མཐའ་མཚམས་ས་ཁུལ་གྱི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་ཤུགས་ཆེན་གཏོང་བ་སོགས་བྱས་པ།
           མིས་བརྒྱབ་མི་ཐུབ་པའི་ལ་མེད། གོམ་པས་འཇལ་མི་ཐུབ་པའི་ལམ་མེད།
           བྱེད་ཐབས་དེ་དག་ནི་བོད་ཀྱིས་མཐའ་མཚམས་ས་ཁུལ་འཕེལ་རྒྱས་མགྱོགས་པོ་གཏོང་བ་དང་སྟོབས་ཆེ་སྲ་བརྟན་གྱི་རྒྱལ་ཁབ་ཀྱི་མཐའ་མཚམས་སྲུང་བའི་ལག་ལེན་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅིར་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་ཞུ་ལུགས་མཚོན་པར་བྱེད་པ་ཞིག་རེད།
           “ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ཀྱི་མཐའ་མཚམས་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་ཅིང་། ཚད་གཞི་མཐོ་པོས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་604བསྐྲུན་པ་དང་། མཐའ་མཚམས་གཞུང་ལམ་130གསར་སྐྲུན་རྒྱས་སྐྲུན་བྱས་པར་སྤྱི་ལེ་3080ཟིན་པ། སྒྲིག་ཁོངས་གྲོང་ཚོར་འོད་སྐུད་ཤར་གཏོང་ཐུབ་ཚད་དང་4Gབརྡ་རྟགས་ཁྱབ་ཚད་99%ཟིན་ཡོད། མཐའ་མཚམས་རྫོང་གི་ཐེམ་གྲངས་མི་འབོར་བརྟན་པོའི་ངང་འཕར་བ། མཐའ་མཚམས་ས་ཁུལ་གྱི་ཐོན་ལས་རྣམ་གྲངས་206ཚང་མ་ལས་འགོ་ཚུགས་པ། འཐབ་ས་དང་པོ་དང་གཉིས་པའི་མཐའ་མཚམས་མི་སེར་གྱི་ཁ་གསབ་རོགས་དངུལ་དེ་ལོ་རེར་མི་རེར་ཆ་སྙོམས་སྒོར་1700དང་སྒོར་1500ནས་སྒོར་6000དང་སྒོར་5400བར་མཐོ་རུ་སོང་ཡོད།
           དེ་ནི་ཏང་གི་བཀའ་དྲིན་བློ་ལ་བརྟན་པོར་ངེས་པའི་སེམས་ཀྱི་འབོད་སྒྲ་ཞིག་རེད།
           བོད་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཚོས་བཀའ་མངགས་གལ་ཆེན་བློ་ལ་བརྟན་པོར་ངེས་ཏེ། བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་ཧུར་ཐག་བྱས་པ།
           རྫ་ཡུལ་རྫོང་རྫ་ཡུལ་རོང་སྟོད་གྲོང་རྡལ་སོག་བརླིང་གྲོང་ཚོར་སྐྱོད་སྐབས་གྲོང་ཚོའི་མཁའ་དབྱིངས་སུ་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བ་དེ་མངོན་གསལ་ལྷག་པར་དོད། དེ་ལྟ་བུའི་རྣམ་པ་རྫ་ཡུལ་རྫོང་གི་མཐའ་མཚམས་གྲོང་ཚོ་གང་སར་མཐོང་རྒྱུ་ཡོད།
           “ང་ཚོའི་ད་ལྟའི་འཚོ་བ་ཡག་པོ་ནི་ཏང་གིས་གནང་བ་དང་ང་ཚོའི་རྐང་འོག་གི་ས་ཆ་ནི་རླབས་ཆེན་མེས་རྒྱལ་གྱི་ས་ཆ་རེད། ང་ཚོ་ཙམ་མ་ཟད་ང་ཚོའི་མི་རབས་རྗེས་མ་ཚང་མས་རྒྱལ་ཁབ་ཀྱི་མངའ་ཁོངས་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་དེ་གསལ་པོ་ཤེས་པར་བྱེད་དགོས”སོག་བརླིང་གྲོང་ཚོའི་ཡུལ་མི་སྐོར་གཡེང་པ་ཚེ་དབང་སྒྲོལ་མའི་ཉིན་ལྟར་གྱི་ལས་འགན་ནི་རྐང་པ་གཉིས་ལ་བརྟེན་ནས་མངའ་ཁོངས་ས་ཆ་སྲུང་རྒྱུ་དེ་རེད།
           སོག་བརླིང་གྲོང་ཚོའི་ད་ཆའི་རྣམ་པ་ནི་བོད་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངགས་ཆུད་ཟོས་སུ་མི་གཏོང་བར། མེས་རྒྱལ་གྱི་རྩྭ་རྩི་ཤིང་ཡོད་དོ་ཅོག་རང་འགུལ་དང་རང་རྟོགས་ངང་སྲུང་སྐྱོང་ཡག་པོ་བྱེད་པའི་གསོན་ཉམས་དོད་པའི་ཟུར་མཆན་ཞིག་རེད།
           སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ་སྤྲིངས་པའི་འཕྲིན་ལན་ནང“ཁྱེད་ཚོས་རྒྱལ་གཅེས་མཐའ་སྲུང་གི་སྙིང་སྟོབས་མུ་མཐུད་རྒྱུན་འཛིན་བྱས་ཏེ། འབྲོག་པ་མང་ཚོགས་དེ་བས་མང་བའི་སྣེ་ཁྲིད་ནས་སྐལ་བཟང་མེ་ཏོག་བཞིན་གངས་ལྗོངས་ཀྱི་མཐའ་མཚམས་སུ་གཞི་ཚུགས་ཏེ་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱ་རྒྱུའི་རེ་བ་ཡོད”ཅེས་གསུངས་ཡོད།
           ཉེ་བའི་ལོ་ཤས་རིང་བོད་ཀྱིས“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་ཏེ། མཐའ་མཚམས་ས་ཁུལ་གྱི་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ཇེ་མཐོར་བཏང་བ་དང་ཆབས་ཅིག མཐའ་མཚམས་མི་སེར་གྱི་རྒྱལ་གཅེས་མཐའ་སྲུང་གི་འདུ་ཤེས་ཀྱང་རྒྱུན་ཆད་མེད་པར་ཟབ་ཏུ་སོང་ཡོད།
           ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་ལ་རྒྱབ་ཤང་རྒྱལ་ལ་ཕུག་གྲོང་ཚོའི་ལོ་81ལ་སླེབས་པའི་བགྲེས་སོང་བསོད་ནམས་ཆོས་འཕེལ་གྱིས། “ཏང་གི་དམངས་ཕན་སྲིད་ཇུས་ཁག་ལས་ང་ཚོའི་ཡོང་འབབ་མང་དུ་ཕྱིན་སོང་། ཏང་གི་བཀའ་དྲིན་ལས་ང་ཚོ་འབྱོར་ཕྱུག་དང་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་རྒྱུ་བྱུང་། ང་ཚོས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ཏེ་ཕ་ཚ་བུ་རྒྱུད་ཚང་མས་རྒྱལ་ཁབ་ཀྱི་ཆེད་དུ་མཐའ་མཚམས་ཡག་པོ་བསྲུང་རྒྱུ་ཡིན”ཞེས་བཤད།
           ད་ཆའི་བོད་དུ་རྒྱལ་གཅེས་མཐའ་སྲུང་གི་འདུ་ཤེས་དེ་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་ནང་སྔ་ས་ནས་བརྟན་པོར་ཟུག་ཡོད། མཐའ་མཚམས་ཀྱི་རི་གྲོང་དང་གྲོང་མི་ཚང་མ་ནི་མཐའ་མཚམས་ལམ་ཐིག་ཐོག་གི“སོ་ལྟ་ཁང”དང“མཁར་རྫོང”ཤ་སྟག་རེད། 
རྩོམ་སྒྲིག་པ། སངས་སྐྱབས།