ཐོག་མར་བཅིངས་འགྲོལ་དམག་གི་གླུ་གཞས་ཀྱིས་
ཁོང་གི་ཡིད་དབང་བཀུག
ཕྱིས་སུ་ཁོང་གི་གླུ་དབྱངས་
མེས་རྒྱལ་ས་ཕྱོགས་གང་སར་ཁྱབ།
ལོ་རྒྱུས་ཀྱིས་བརྗེད་མི་སྲིད།
ཁོང་ནི་བོད་ལྗོངས་ལ་བཅིངས་འགྲོལ་བཏང་བ་
སྙན་མོའི་དབྱངས་ཀྱིས་ར་སྤྲོད་གནང་མཁན་
ཚེ་བརྟན་སྒྲོལ་མ་ལགས་རེད།
སྤྱི་ལོ་1951ལོའི་ལོ་མཇུག་ཏུ། བཅིངས་འགྲོལ་དམག་བོད་ལྗོངས་གཞིས་ཀ་རྩེར་བཅའ་སྡོད་བྱས། དམག་སྡེ་བཅོ་བརྒྱད་པའི་དམག་དཔོན་ཀྲང་གོ་ཧྭ་ཡིས་རེ་ཞུ་གནང་བའི་འོག དམག་དཔུང་གི་རིག་རྩལ་ལས་དོན་ཚོགས་པ་སོར་འཇོག་བྱས། དེས་རྐྱེན་པས་ཕྱིས་སུ་བོད་རིགས་མང་ཚོགས་ཀྱིས་བརྗོད་པའི་“རིག་རྩལ་ལས་དོན་ཚོགས་པ་བརྒྱུད་ནས་བཅིངས་འགྲོལ་དམག་ངོ་ཤེས་རྒྱུས་ལོན་བྱུང་”ཞེས་པའི་སྐད་ཆ་དེ་བྱུང་།
དཔུང་སྡེའི་རིག་རྩལ་ལས་དོན་ཚོགས་པ་བཅའ་སྡོད་བྱེད་སའི་ཉེ་འགྲམ་དུ་གནས་པའི་དུད་ཁྱིམ་ཞིག་ནང་། ལོ་བཅུ་བཞིར་སོན་པའི་བོད་རིགས་བུ་མོ་ཞིག་ཡོད་པ་དེར་བཅིངས་འགྲོལ་དམག་གིས་བག་ཆགས་ཆེན་པོ་བཞག བུ་མོ་དེ་ནི་ཚེ་བརྟན་སྒྲོལ་མ་ལགས་རེད། སྐབས་དེར་བཅིངས་འགྲོལ་དམག་གིས་རྟག་ཏུ་གླུ་ལེན་གར་འཁྲབ་བྱེད་པས། ཚེ་བརྟན་སྒྲོལ་མ་ལགས་ཀྱི་ཐུགས་ནང་། རང་ཉིད་བཅིངས་འགྲོལ་དམག་གི་རིག་རྩལ་ལས་དོན་ཚོགས་པའི་འཁྲབ་སྟོན་པ་ཞིག་བྱེད་རྒྱུ་བྱུང་ན་ཅི་མ་རུང་སྙམ།
སྤྱི་ལོ་1956ལོར། དགུང་ལོ་བཅུ་དགུ་ལ་སོན་པའི་ཚེ་བརྟན་སྒྲོལ་མ་ལགས་གཞིས་ཀ་རྩེའི་གཞོན་ནུའི་འཐུས་མིའི་ངོས་ནས། ལྷ་སར་སྐབས་དང་པོའི་བོད་ལྗོངས་གཞོན་ནུའི་འཐུས་མི་ཚོགས་ཆེན་ལ་ཞུགས། འཁྲབ་སྟོན་པ་ཞིག་སྐབས་འཕྲལ་དུ་ཡོང་མ་ཐུབ་པའི་རྐྱེན་གྱིས་ཚེ་བརྟན་སྒྲོལ་མ་ལགས་ནས་འཁྲབ་སྟོན་པ་དེའི་ཚབ་གནང་ནས་གཞས་ཤིག་བཏང་། གང་དེ་ཁོང་གི་སྐུ་ཚེའི་ནང་གི་དངོས་གཞིའི་འཁྲབ་སྟོན་ཐེངས་དང་པོ་དེར་གྱུར།
སྤྱི་ལོ་1958ལོར། ཚེ་བརྟན་སྒྲོལ་མ་ལགས་རིག་རྩལ་ཤེས་ལྡན་པའི་ངོས་ནས་མེས་རྒྱལ་ནང་སར་སྤེལ་རེས་སློབ་སྦྱོང་ལ་མངགས། ཧྲང་ཧའེ་རོལ་མོ་སློབ་ཆེན་དུ་སློབ་སྦྱོང་གནང་རིང་། ཁོང་གིས་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་མགྲིན་དབྱངས་ལ་བརྟེན་ནས་༼གླུ་ཞིག་བླངས་ནས་ཏང་ལ་འབུལ་༽ཞེས་པ་སོགས་བཏང་གནང་བ་དེ་དག་དུས་རབས་ཤིག་གི་དཔེ་མཚོན་གླུ་གཞས་ལ་གྱུར་བ་དང་། དེ་བས་ཀྱང་མི་རབས་འགའི་དྲན་ཤེས་ནང་གི་སྙན་དབྱངས་ལ་གྱུར།
སློབ་གྲྭ་ཐོན་རྗེས་ཙུང་ལི་ཀྲོའུ་ཨེན་ལེས་ཁོང་ལ། ཁྱེད་ཕར་ལོག་ཏེ་ལས་དོན་ཡག་པོ་བསྒྲུབས་ནས་བོད་ལྗོངས་མི་དམངས་ལ་ཞབས་འདེགས་ཡག་པོ་ཞུས། གླུ་གཞས་གཏོང་བ་ཡང་མི་དམངས་ལ་ཞབས་འདེགས་ཞུ་བ་ཞིག་ཡིན་ཞེས་བཀའ་མངགས་གནང་།
ཚེ་བརྟན་སྒྲོལ་མ་ལགས་ནས་སེམས་འགུལ་ཐེབས་པའི་ངང་། བོད་ལྗོངས་མི་དམངས་ད་ལྟ་བདེ་སྐྱིད་འཚོ་བ་འདི་ལྟ་བུར་རོལ་རྒྱུ་བྱུང་ཡོད། གུང་ཁྲན་ཏང་མེད་ན་ང་ཚོའི་བོད་ལྗོངས་མེད་ལ། ངའི་བདེ་སྐྱིད་ལྡན་པའི་འཚོ་བ་འདི་ཡང་མེད། འདི་ནི་ངའི་སེམས་ནང་ནམ་ཡང་ངེས་པའི་སྐད་ཆ་ཞིག་ཡིན་ཞེས་གསུངས།
རྩོམ་སྒྲིག་པ། བདེ་སྒྲོལ།