ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

མི་རིགས་ཀྱི་ལས་དོན་བཅོས་སྐྱོང་བྱ་རྒྱུ་དེ་ཁྲིམས་སྐྱོང་གི་ལམ་བུའི་ཐོག་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས།

སྤེལ་དུས 2021-08-31 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
—— ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་ཚན་རིག་སྤྱི་ཚོགས་རིང་ལུགས་སློབ་ཁྲིད་ཞིབ་འཇུག་པུའི་དགེ་རྒན་ཆེ་མོ་བ་གཞོན་པ་ཟླ་བ་ཚེ་རིང་ལ་བཅར་འདྲི་བྱས་པའི་སྐོར་བཀོད་པ།
          མི་རིགས་མང་པོ་འདུས་སྡོད་ཁུལ་ཞིག་ཡིན་པའི་བོད་ལྗོངས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། བོད་རང་སྐྱོང་ལྗོངས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག 《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་རྒྱུའི་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཞེས་བསྡུ་རྒྱུ)ལ་གྲོས་འཆམ་བྱུང་ནས་2020ལོའི་ཟླ་5ཚེས་1ཉིན་ནས་བཟུང་ལག་བསྟར་བྱེད་འགོ་ཚུགས་ཡོད།
          ཉེ་ཆར། གསར་འགོད་པས《སྲོལ་ཡིག》ལག་བསྟར་གྱི་དོན་སྙིང་གལ་ཆེན་སྐོར་ལ་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་ཚན་རིག་སྤྱི་ཚོགས་རིང་ལུགས་སློབ་ཁྲིད་ཞིབ་འཇུག་པུའི་དགེ་རྒན་ཆེ་མོ་བ་གཞོན་པ་ཟླ་བ་ཚེ་རིང་ལ་ཆེད་མངགས་བཅར་འདྲི་བྱས་པ་ཡིན།
          ཟླ་བ་ཚེ་རིང་གིས། 《སྲོལ་ཡིག》ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་རྣམ་བཤད་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བའི་གསོན་ཉམས་དོད་པའི་ལག་ལེན་ཞིག  ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་རེ་སྒུག་ཆེན་པོ་དང་བསྟུན་པའི་དངོས་ཡོད་ཀྱི་བླང་བྱ་ཞིག འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། འཆམ་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་མུ་མཐུད་སྲ་བརྟན་དང་འཕེལ་རྒྱས་གཏོང་བའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་པ། མི་རིགས་ཀྱི་ལས་དོན་བཅོས་སྐྱོང་ནུས་ལྡན་བྱེད་པར་བཅའ་ཁྲིམས་ཀྱི་འགན་ལེན་བྱེད་པ་ཞིག་བཅས་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
          ཟླ་བ་ཚེ་རིང་གིས། 《སྲོལ་ཡིག》ནང་ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བའི་རྒྱབ་ལྗོངས་ཆེན་པོའི་འོག ཁྲིམས་བཞིན་མི་རིགས་ཀྱི་ལས་དོན་བཅོས་སྐྱོང་བྱེད་པའི་རྩ་དོན་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ཡོད། 《སྲོལ་ཡིག》གིས་མི་རིགས་ཀྱི་ལས་དོན་ཁྲིམས་བཞིན་བཅོས་སྐྱོང་ནུས་ལྡན་བྱེད་པར་བཅའ་ཁྲིམས་ཀྱི་འདེགས་སྐྱོར་བྱས་པ་དང་། མི་རིགས་ལས་དོན་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་ཁྲིམས་སྐྱོང་གི་རྨང་གཞི་བརྟན་པོ་ཞིག་བཏིང་བ། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་བོད་ལྗོངས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་ཆེད་བཅའ་ཁྲིམས་ཀྱི་འགན་ལེན་ནུས་ལྡན་བྱས་ཡོད། 《སྲོལ་ཡིག》ལག་བསྟར་བྱས་རྗེས། མི་རིགས་ཀྱི་ལས་དོན་བཅོས་སྐྱོང་བྱ་རྒྱུ་དེ་ཁྲིམས་སྐྱོང་གི་ལམ་བུའི་ཐོག་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱེད་པ་དེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་སྔར་བས་སྐུལ་སློང་བྱས་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། མི་རིགས་ཁག་དབར་མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་མཉམ་དུདར་རྒྱས་གོང་འཕེལ་བཅས་ལ་སྐུལ་འདེད་གཏོང་རྒྱུར་ཕན་པ་ཡོད་ཅེས་བརྗོད་པ་རེད།