ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཁོངས་གཏོགས་ཀྱི་ཁ་གཏད་བོད་སྐྱོར་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་པ།

སྤེལ་དུས 2021-09-14 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
          ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུ་དང་ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་སུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། “ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཁོངས་གཏོགས་ཀྱི་བོད་སྐྱོར་ལས་དོན་བཀོད་སྒྲིག་བཅས་བྱ་ཆེད། ཟླ་9ཚེས་12ཉིན་གྱི་སྔ་དྲོ་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཁོངས་གཏོགས་ཀྱི་ཁ་གཏད་བོད་སྐྱོར་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པ་དང་། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའི་ཧྲུའུ་ཅི། རྒྱུན་ལས་ཀྲུའུ་ཞི་གཞོན་པ་བཅས་ཡིན་པའི་ཞུས་ལེ་ཅང་གིས་གསུང་བཤད་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ཤིས་ཚིག་བསྒྲོན་པ། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཞེ་ཅིང་རུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཚོགས་ར།
          ཝུའུ་དབྱིང་ཅེས། དུས་ཡུན་རིང་པོའི་ནང་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཁོངས་གཏོགས། ཞིང་ཆེན་དང་གྲོང་ཁྱེར་ཁག་གི་དམངས་གཉེར་ཁེ་ལས་བཅས་ཀྱིས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ལ་སྣང་ཆེན་དང་སྤྱི་ཡོངས་ལ་ལྟ་རྟོག་བྱེད་པ་དང་། ཁ་གཏད་བོད་སྐྱོར་འཐབ་ཇུས་ལག་བསྟར་བྱ་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ལངས་པ། རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ། བོད་སྐྱོར་སྲིད་ཇུས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ། བོད་སྐྱོར་ལམ་སྲོལ་གསར་གཏོད་བྱེད་པ། བོད་སྐྱོར་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་ནས། བོད་ལྗོངས་ཀྱིས་དབུལ་བྲལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་། ཁྱད་ལྡན་དང་ལེགས་ཆ་ལྡན་པའི་ཐོན་ལས་འཕེལ་རྒྱས་གཏོང་བ། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བ་སོགས་ཐད་སྐུལ་འདེད་གཏོང་རྒྱུར་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ། བོད་ལྗོངས་ཀྱིས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུ་དང་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་གསུངས་པ་རེད།

ཚོགས་ར།
          ཝུའུ་དབྱིང་ཅེས་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཐོག་མཐའ་བར་གསུམ་དུ་བོད་ལྗོངས་ཀྱི་བྱ་གཞག་ཁག་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་ཞིང་། ང་ཚོར་གནད་དོན་གསལ་རྟོགས་དང་ཐབས་དོན་ཇུས་འགོད་བྱས་ཏེ་བོད་ལྗོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་མགྱོགས་སུ་བཏང་ཡོད། དེ་དང་ཆབས་ཅིག་རྒྱལ་ཡོངས་ཀྱི་དམངས་གཉེར་ཁེ་ལས་དང་དམངས་གཉེར་ཁེ་ལས་མཁས་ཅན་བོད་ལྗོངས་སུ་མ་འཇོག་ལས་དར་བྱེད་པར་ཡོང་རྒྱུའི་དགའ་བསུ་ཡང་ཞུ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།

ཚོགས་ར།
          ཞུས་ལེ་ཅང་གིས་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྔར་ནས་བཟུང་བོད་སྐྱོར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། ཐོག་མཐའ་བར་གསུམ་དུ་བོད་སྐྱོར་ལས་དོན་དེ་ཆབ་སྲིད་ཀྱི་ལས་འགན་དུ་བརྩིས་ནས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་བས། སྤེལ་རེས་མཉམ་ལས་བྱེད་ཟབ་ཏུ་གཏོང་བ་དང་། ཁྱད་ལྡན་ཐོན་ལས་ལ་རོགས་སྐྱོར་བྱེད་པ། དམངས་འཚོ་ལེགས་གཏོང་ལ་སྐུལ་འདེད་གཏོང་བ། རྩ་འཛུགས་འཛུགས་སྐྱོང་ལ་རམ་འདེགས་བྱེད་པ་སོགས་ཀྱི་ཁྱབ་ཁོངས་ཐད་ཕན་འབྲས་བཟང་པོ་ཐོན་ཡོད་ཅེས་གསུངས་པ་རེད།

ཚོགས་ར།
          ཞུས་ལེ་ཅང་གིས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་བོད་སྐྱོར་ལས་དོན་གྱིས“དོན་ཆེན་བཞིར”དམ་པོར་དམིགས་དགོས། ལས་ཞུགས་ལ་རོགས་རམ་བྱེད་པའི་བྱ་བ་དངོས་ཡག་པོ་སྒྲུབ་པ་དང་། བོད་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོའི་ལས་ཞུགས་ལས་གཏོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ། མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་གཏིང་ཟབ་སྤེལ་བ་བཅས་བྱས་ནས་བོད་ལྗོངས་ཡུན་རིང་བདེ་འཁོད་ཐད་བྱས་རྗེས་འཇོག་རྒྱུར་རམ་འདེགས་བྱེད་དགོས། བོད་ལྗོངས་ཀྱིས“ཁེ་ལས་ཁྲི་ལ་བརྟེན་ནས་གྲོང་ཚོ་ཁྲི་དར་བའི”བྱ་སྤྱོད་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་། ཐབས་བརྒྱ་ཇུས་སྟོང་ངང་ཞིང་འབྲོག་པའི་ཡོང་འབབ་མང་དུ་གཏོང་བ། དམངས་གཉེར་ཁེ་ལས་དམངས་འཚོའི་བྱ་བ་དངོས་ནང་ཞུགས་རྒྱུར་ཁྲིད་སྟོན་བྱེད་པ་བཅས་བྱས་ནས་བོད་ལྗོངས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བྱས་རྗེས་འཇོག་རྒྱུར་རམ་འདེགས་བྱེད་དགོས། དམངས་གཉེར་ཁེ་ལས་ཀྱིས་བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུར་ཁྲིད་སྟོན་བྱེད་པ་དང་། དམངས་གཉེར་ཁེ་ལས་བོད་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་དང་། སྐྱེ་ཁམས་སྲུང་སྐྱོང་། ཉམས་བཟོ། བཅོས་སྒྲིག་བཅས་ནང་ཧུར་ཐག་ཞུགས་སུ་འཇུག་པ། ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་བརྟན་སྲུང་བཅས་བྱས་ནས་བོད་ལྗོངས་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ཐད་བྱས་རྗེས་འཇོག་རྒྱུར་རམ་འདེགས་བྱེད་དགོས། དམངས་གཉེར་ཁེ་ལས་ཀྱིས་ཁ་གཏད་རོགས་སྐྱོར་གྱི་མཐའ་མཚམས་ས་ཁུལ་འཕེལ་རྒྱས་གཏོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ནས་བོད་ལྗོངས་ཀྱི་མཐའ་མཚམས་སྲ་བརྟན་ཐད་བྱས་རྗེས་འཇོག་རྒྱུར་རམ་འདེགས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
          ཚོགས་འདུའི་ཐོག རང་སྐྱོང་ལྗོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་2018ལོ་ཚུན་གྱི་རོགས་སྐྱོར་དང་ལེན་བྱས་ཚུལ་སྙན་སེང་ཞུས་པ་དང་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མི་དང་དམངས་གཉེར་ཁེ་ལས་མཁས་ཅན་གྱི་འཐུས་མིས་སྤེལ་རེས་གཏམ་བཤད་བྱས་པ་རེད།