ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

“གློག་སྒོ་བཀག་ནས་གློག་ཚོད་འཛིན་བྱེད་པར”གཞུང་ཕྱོཊ་ནས་ལན་བསྐྱོན་པ།

སྤེལ་དུས 2021-09-30 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
          ཟླ9པའི་ཚེས29ཉིན། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་དཔལ་འབྱོར་འཁོར་སྐྱོད་སྙོམས་སྒྲིག་ཅུས་ཀྱི་འགན་འཁུར་བློ་མཐུན་གྱིས་ད་ལོའི་དགུན་དུས་དང་སང་ལོའི་དཔྱིད་དུས་ཀྱི་ནུས་ཁུངས་མཁོ་འདོན་འགན་ལེན་ལས་དོན་ཐད་ནས་གསར་འགོད་པ་རྣམས་ཀྱིས་དྲི་བ་བཏོན་པར་ལན་བསྐྱོན་པ་རེད།

          ཉེ་ཆར་ས་གནས་ཁག་ཅིག་གིས་གློག་སྒོ་བཀག་ནས་གློག་ཚོད་འཛིན་བྱས་པས་དགུན་དུས་ཀྱི་ནུས་ཁུངས་མཁོ་འདོན་འགན་ལེན་བྱེད་པའི་ཐད་སྤྱི་ཚོགས་ཀྱིས་སེམས་ཁྲལ་ཆེན་པོ་བྱེད་ཀྱིན་ཡོད་ལ། འཕེལ་སྒྱུར་ཨུ་ལྷན་གྱིས་བྱ་ཐབས་གང་དག་སྤྱད་དེ་དགུན་དུས་ཀྱི་ནུས་ཁུངས་མཁོ་འདོན་འགན་ལེན་བྱ་རྩིས་ཡོད་དམ་ཞེ་ན།
          ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དྲོད་རླངས་གཏོང་བའི་དུས་ཚིགས་སུ་ནུས་ཁུངས་མཁོ་འདོན་ལས་དོན་ལ་དོ་སྣང་ཆེན་པོ་བྱས་ནས་དེ་ལ་ཕྱོགས་ཡོངས་ནས་བཀོད་སྒྲིག་གནང་།
          ཉེ་དུས་ནུས་ཁུངས་མཁོ་འདོན་མི་འདང་བའི་གནས་ཚུལ་ལ་དམིགས་ཏེ། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་འབྲེལ་ཡོད་ཕྱོགས་སོ་སོ་དང་མཉམ་དུ་མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་དང་། རྒྱུད་རིམ་ལྡན་པའི་འདུ་ཤེས་རྒྱུན་འཁྱོངས། གནད་དོན་གྱི་འཁྲིད་ཕྱོགས་རྒྱུན་འཁྱོངས། མཐའ་ཚད་བསམ་ཕྱོགས་རྒྱུན་འཁྱོངས། ཐབས་མང་མཉམ་སྤྱོད་ཀྱིས་འདོན་སྤྲོད་སྙོམས་སྒྲིག་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་གཙོ་བོ་ཕྱོགས་དྲུག་གི་བྱེད་ཐབས་སྤྱད་ཅིང་། ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་ནུས་ཁུངས་མཁོ་འདོན་བརྟན་པོ་ཡོང་བར་འགན་ལེན་དང་གྲོང་མིས་ནུས་ཁུངས་བེད་སྤྱོད་བདེ་འཇགས་ཡོང་བར་འགན་ལེན་ཏན་ཏིག་བྱས།
          གཅིག་ནི་ཐབས་ལམ་མང་པོར་བརྟེན་ནས་ནུས་ཁུངས་མཁོ་འདོན་འགན་སྲུང་དང་ཐོན་ཁུངས་འཕར་སྣོན་བྱ་དགོས།  བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་རྡོ་སོལ་གྱི་སྔོན་ཐོན་ཐོན་ནུས་མང་པོ་འདོན་པ་དང་། གོ་རིམ་ལྡན་པའི་སྒོ་ནས་རྡོ་སོལ་ནང་འདྲེན་བྱེད་གྲངས་ཇེ་མང་དུ་གཏོང་བ། རྒྱལ་ནང་གི་རང་བྱུང་སོལ་རླངས་ཀྱི་ཐོན་ཚད་འཕར་སྣོན་གང་ཐུབ་བྱེད་པ། ཨེ་ཤ་ཡ་དབུས་མའི་སྦུག་ལམ་གྱི་སོལ་རླངས་ནང་འདྲེན་བརྟན་པོ་ཡོང་བ་བཅས་རྒྱུན་འཁྱོངས་བྱས་ཏེ་ཚད་མཐོན་པོའི་སྒོ་ནས་རྡོ་སོལ་དང་གློག་ཤུགས་འཕྲུལ་འཁོར་གཏོང་དགོས་རིགས་ཚང་མ་གཏོང་ཐུབ་པར་འགན་སྲུང་བྱ་དགོས།
          གཉིས་ནི་དུས་ཡུན་འབྲིང་རིང་གི་གན་རྒྱའི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས། གློག་དང་དྲོད་འདོན་ཐད་སྤྱོད་པའི་རྡོ་སོལ་ལ་དུས་ཡུན་འབྲིང་རིང་གི་གན་རྒྱ་བཞག་སྟེ་ཕྱོགས་ཡོངས་ལ་ཁེབས་པ་དང་དྲོད་རླངས་མཁོ་འདོན་དུས་ཚིགས་ཀྱི་གན་རྒྱ་འཇོག་དགོས་པ་དང་། ཐོན་ཁུངས་སྔོན་ཚུད་ནས་གཏན་འཁེལ་བྱ་དགོས།
          གསུམ་ནི་གོ་རིམ་ལྡན་པའི་ངང་སྤྱོད་ཐུབ་པའི་ལས་དོན་སྔར་བས་ཡག་པོ་བསྒྲུབ་དགོས། ས་གནས་ཀྱིས་ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པའི་སྒོ་ནས་སྤྱོད་ཐུབ་པའི་ཇུས་གཞི་བཟོ་བར་མཛུབ་ཁྲིད་བྱེད་པ་དང་། འགུལ་རྣམ་ལེགས་སྒྲིག་ལམ་སྲོལ་འཐུས་སྒོ་ཇེ་ཚང་དུ་བཏང་སྟེ་སྤྱོད་མཁན་གྱིས་གནས་ཚུལ་ཤེས་རྟོགས་ཤིང་གན་རྒྱའི་ཁ་ཆད་བྱས་ཏེ། ཇུས་གཞི་ལག་བསྟར་བྱེད་ཐུབ་ལ་གོ་ཆོད་པ། ཚན་རིག་དང་མཐུན་པ་བཅས་ཡོང་བར་ཁག་ཐེག་བྱེད་དགོས། དམངས་འཚོར་བརྟེན་ནས་མཁོ་སྤྲོད་འགན་ལེན་བྱེད་པའི་མཐའ་ཚད་བརྟན་སྲུང་བྱས་ནས་སྡོད་དམངས་ཀྱིས་ནུས་ཁུངས་སྤྱོད་རྒྱུ་ཚོད་འཛིན་བྱེད་པའི་གནས་ཚུལ་ཐོན་རྒྱུ་མཐའ་གཅིག་ཏུ་གཏན་འགོག་བྱེད་དགོས།
          བཞི་ནི་ནུས་ཁུངས་གསོག་འཇོག་དང་འཕྲལ་སྡོམ་འགན་སྲུང་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱ་དགོས། གློག་ཁང་གིས་དྲོད་རླངས་མཁོ་འདོན་མ་བྱས་གོང་རྡོ་སོལ་བདེ་འཇགས་ཀྱི་ཆུ་ཚད་ཐོག་སླེབས་པར་ལྟ་སྐུལ་བྱས་ནས་འཕྲལ་སྡོམ་གྲ་སྒྲིག་དང་དྲོད་ཚད་སྙོམས་སྒྲིག་གི་གློག་ཁུངས་ནུས་པ་འཛུགས་སྐྲུན་བྱེད་པར་སྐུལ་མ་གཏོང་དགོས་པ་དང་། སོལ་རླངས་གསོག་པའི་སྒྲིག་བཀོད་མཆན་འགོད་ཀྱི་མྱུར་ཚད་དོན་འཁྱོལ་ནན་པོ་བྱས་ཏེ་དགུན་དུས་སུ་མ་སླེབས་གོང་རྡོ་སོལ་གསོག་འཇོག་ཐུབ་པར་འགན་ལེན་ནན་མོ་བྱ་དགོས།
          ལྔ་ནི་ནུས་ཁུངས་བཀོལ་སྤྱོད་ཀྱི་མ་གནས་ལུགས་མཐུན་གྱིས་ཁྲིད་སྟོན་བྱ་དགོས། དམངས་འཚོ་དང་། ཞིང་ལས། སྤྱི་ཕན་རང་བཞིན་བཅས་ཀྱི་ཁྱབ་ཁོངས་སུ་ནུས་ཁུངས་སྤྱོད་པའི་རིན་གོང་བརྟན་པོ་ཡོང་བར་འགན་ལེན་ནན་ཏན་བྱས་པའི་གནས་ཚུལ་འོག རིན་གོང་སྲིད་ཇུས་ལྟར་ནུས་ཁུངས་ཁེ་ལས་ཀྱི་ཐོན་སྐྱེད་འཁོར་རྒྱུག་གི་མ་གནས་ལམ་ལུགས་ནན་པོ་བཟོ་དགོས།
          དྲུག་ནི་ལུགས་དང་མི་མཐུན་པའི་ནུས་ཁུངས་ཀྱི་དགོས་མཁོ་ཚོད་འཛིན་ནུས་ལྡན་བྱ་དགོས། “མཐོ་གཉིས”རྣམ་གྲངས་ཀྱི་དགོས་མཁོ་ལུགས་མཐུན་མིན་པ་རྣམས་བཀག་འགོག་མཐའ་གཅིག་ཏུ་བྱས་ཏེ། གཙོ་བོར་རྡོ་སོལ་ཟད་གྲོན་ལས་རིགས་ཁག་གི་རྡོ་སོལ་ཚོད་འཛིན་བྱེད་པར་སྐུལ་འདེད་གཏོང་དགོས།
          ཉེ་བའི་ལོ་ཤས་རིང་ང་ཚོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ནས་ནུས་ཁུངས་ཐོན་སྐྱེད་དང་། མཁོ་སྤྲོད། གསོག་འཇོག  ཕྱིར་འཚོང་བཅས་ཀྱི་མ་ལག་འཛུགས་སྐྱོང་ལ་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་བཏང་བས་ནུས་ཁུངས་མཁོ་སྤྲོད་ཀྱི་འགན་སྲུང་བྱེད་ནུས་བརྟན་པོའི་ངང་ཆེ་རུ་ཕྱིན་ཡོད།
          ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀར་རང་རྒྱལ་གྱི་ནུས་ཁུངས་མཁོ་འདོན་བྱ་རྒྱུར་འགན་སྲུང་བྱེད་ཐུབ། ང་ཚོར་ཐོན་ཁུངས་དང་ཆ་རྐྱེན། ནུས་པ་བཅས་ཡོད་པས་མི་དམངས་མང་ཚོགས་ཀྱིས་དྲོ་སྐྱིད་ལྡན་པའི་སྒོ་ནས་དགུན་དུས་རོལ་རྒྱུ་འགན་ལེན་བྱ་དགོས།
རྩོམ་སྒྲིག་པ། བདེ་སྒྲོལ།