ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཡུལ་སྐོར་བ་ཞིག་ས་ཕུ་འཁྱགས་རོམ་ནས་ཁྱིམ་མི་དང་འབྲེལ་བ་ཆད།

སྤེལ་དུས 2021-11-02 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།

           ཟླ10པའི་ཚེས29ཉིན་གྱི་ཆུ་ཚོད16ཙམ་ལ་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་སྤྱི་བདེ་ཅུས་བཀོད་འདོམས་ལྟེ་གནས་ལ་མང་ཚོགས་ཀྱི་ཉེན་བརྡ་འབྱོར་དོན། རང་ཉིད་ཀྱི་བུ་ཉིན་དེའི་ཉིན་གུང་གི་ཆུ་ཚོད1ཙམ་ལ་ཁོང་གཅིག་པུར་ས་ཕུ་འཁྱགས་རོམ་དུ་ཡུལ་སྐོར་བྱེད་པར་བསྐྱོད་པ་དང་། དང་ཐོག་ཁ་པར་ལས་འབྲེལ་བ་བྱེད་ཐུབ་ཀྱང་ད་ཆ་ཁ་པར་ཡང་མི་འགྲོ་བར་འབྲེལ་ཐག་ཆད་སོང་ལ། འབྲེལ་བ་ཆད་ནས་དུས་ཚོད་བཞི་ཏག་ཏག་འགོར་སོང་ཟེར།
           ཉེན་བརྡ་འབྱོར་རྗེས་བཀོད་འདོམས་ལྟེ་གནས་ཀྱིས་འཕྲལ་མར་ས་ཕུ་འཁྱགས་རོམ་ཡུལ་སྐོར་ལྗོངས་ཁུལ་གྱི་ཉེན་རྟོག་ལས་དོན་ཁང་ལ་འབྲེལ་བ་བྱས་པ་དང་མཉམ་དུ་འབྲི་རུ་རྫོང་སྤྱི་བདེ་ཅུས་ཀྱི་འགོ་ཁྲིད་ལ་གནས་ཚུལ་སྙན་སེང་ཞུས་ཤིང་། འགོ་ཁྲིད་ཀྱི་མཛུབ་སྟོན་བླང་བྱ་གཞིར་བཟུང་སྟེ་འཚོལ་སྐྱོབ་ལས་དོན་ཚོ་ཆུང་གསུམ་དུ་བགོས་ནས་སྤེལ་བ་རེད།
           བཀའ་འབྱོར་རྗེས། ཚོ་ཆུང་གསུམ་གྱི་ལས་དོན་མི་སྣ་མགྱོགས་མྱུར་ངང་ཡུལ་དངོས་སུ་འབྱོར་ནས་འཚོལ་སྐྱོབ་ལས་དོན་གོ་རིམ་བཞིན་སྤེལ་བ་རེད།

འབྲི་རུ་སྤྱི་བདེ་ཡིས་འཕྲལ་མར་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་འཚོལ་སྐྱོབ་བྱེད་བཞིན་པ།
          ས་ཕུ་འཁྱགས་རོམ་ཡུལ་སྐོར་ལྗོངས་ཁུལ་ལ་ཆ་སྙོམས་རྒྱ་མཚོའི་ངོས་ལས་སྨི4700ཡན་ཟིན་པ་དང་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ300ལྷག་ཡོད། ལྗོངས་ཁུལ་ནི་རི་ཚོགས་ཀྱིས་བསྐོར་བ་དང་། ལམ་ངོས་ཁོད་མི་སྙོམས་པ། རི་བོ་གཟར་ལ་རློན་འདྲེད་ཆེ་བས་སྐྱོད་དཀའ་བ། གསའ་དང་རི་སྤྱང་སོགས་རི་སྐྱེས་སྲོག་ཆགས་མང་ཞིང་ས་ཆ་ཁ་ཤས་སུ་འཕྲིན་གཏོང་བརྡ་རྟགས་གཏན་ནས་མེད་པ་རེད། ཆུ་ཚོད19ཡི་ཐོག་ཏུ་ཚོ་ཆུང་ཁག་གིས་སྔར་བཞིན་རི་ཁུལ་ནས་འཚོལ་སྐྱོབ་ལས་དོན་སྤེལ་བཞིན་ཡོད་ལ་རིམ་གྱིས་ས་རུབ་པ་དང་དྲོད་ཚད་གློ་བུར་དུ་མར་ཆག་ཅིང་། འཚོལ་སྐྱོབ་མི་སྣས་ལམ་ཁར་འབུར་རྡོ་དང་འོབས་དོང་ཡོད་མེད་ལ་རྩ་བ་ནས་བསམ་བློ་གཏོང་ཁོམ་མེད་པར་འབྲེལ་བ་ཆད་པའི་མི་སྣའི་མིང་ནས་ཡང་ཡང་བོས་ཏེ་ཕྱོགས་བཞིར་མི་ཡོད་མེད་ལ་ཞིབ་ཕྲ་བལྟས། རི་ཁུལ་ནས་ཁེར་རྐྱང་དུ་ལུས་པའི་ཡུལ་སྐོར་བ་དེ་དྲན་བཞིན་ཚང་མས་རང་འགུལ་ངང་གོམ་སྟབས་ཇེ་མགྱོགས་སུ་བཏང་། ཁོང་ཚོས་སྐད་འགག་རེག་བར་དུ་བོས་ཀྱང་ཨ་ལན་གང་ཡང་མ་ཐོས། སྐབས་དེར་རྐང་ཐང་དུ་ཆུ་ཚོད6ཙམ་འཚོལ་ཞིབ་བྱས་འདུག

མི་དམངས་ཉེན་རྟོག་པས་འབྲེལ་བ་ཆད་པའི་ཡུལ་སྐོར་བ་དེའི་རྐང་རྗེས་ལ་དབྱེ་ཞིབ་བྱེད་བཞིན་པ།
          ཆུ་ཚོད22དང་སྐར་མ15ཡི་ཐོག་ཚང་མའི་ལུས་ཟུངས་ཟད་ནས་ཐད་ཆད་འདུག སྐབས་དེར་ཚོ་ཆུང་གསུམ་པའི་འཚོལ་སྐྱོབ་ས་ཁོངས་ཀྱི་ལུང་ཤུར་ནང་གློ་བུར་དུ་རྡོ་ཉིལ་བའི་སྒྲ་ཞིག་གྲགས་པ་དང་ཐག་རིང་ནས་བལྟས་ཚེ་དེ་ནི་དངོས་པོ་ནག་པོ་ཞིག་དལ་མོར་མདུན་ཕྱོགས་སུ་འགྲོ་བཞིན་ཡོད་པ་རེད། མི་དམངས་ཉེན་རྟོག་པས་དྲེད་མོང་རེད་བསམ་ནས་འགོག་སྲུང་བྱ་ཐབས་བྱེད་བཞིན་པའི་སྐབས་དེར་གློ་བུར་དུ་མི་ཞིག་གིས“མི་ཞིག་རེད་འདུག ཡུལ་སྐོར་བ་དེ་རེད”ཅེས་སྐད་ཅོར་བརྒྱབ། མི་དམངས་ཉེན་རྟོག་པ་འཕྲལ་མར་ལུང་ཤུར་ནང་བསྐྱོད་དེ་ཡུལ་སྐོར་བ་བསྐྱབས་པ་དང་། དེ་དུས་ཡུལ་སྐོར་བའི་ལུས་ཡོངས་འདར་ཞིང་ངོ་མདོག་སྐྱ་བོར་གྱུར་ནས་མིག་ཟུང་ལའང་ཤུགས་མེད་པ་དང་ཐང་ཆད་འདུག་ལ། ལག་པ་དང་པུས་མོར་རྨས་སྐྱོན་ཅུང་ཙམ་ཕོག་འདུག

ཆུ་ཚོད6རིང་མུ་མཐུད་ནས་འཚོལ་ཞིབ་བྱས་པ་བརྒྱུད་མཐར་འབྲེལ་བ་ཆད་པའི་ཡུལ་སྐོར་བ་དེ་རྙེད།
          སྨན་དོན་མི་སྣས་བརྟག་དཔྱད་བྱས་པ་ལྟར་ན་ཡུལ་སྐོར་བ་དང་ཁོང་གི་ཨ་མ་གཉིས་ཀྱི་ལུས་ཕུང་ལ་སྐྱོན་མེད་ཅིང་། མི་དམངས་ཉེན་རྟོག་པས་དེ་མ་ཐག་ཏུ་རི་འདབས་སུ་ངལ་གསོ་བྱེད་པར་བསྐྱལ་བ་རེད།

མ་བུ་ལྷན་འཛོམས་བྱུང་ནས་ཕན་ཚུན་འཁྱུད་དེ་ངུ་བཞིན་པ།

སྨན་དོན་མི་སྣས་ཞིབ་བཤེར་བྱས་པ་བརྒྱུད་ཡུལ་སྐོར་བ་དེའི་ལུས་ཕུང་ལ་སྐྱོན་མེད་པ།
           ཉེན་རྟོག་ཕྱོགས་ནས། ནག་ཆུ་ནི་ས་བབ་མཐོ་བའི་ས་ཁུལ་གྱི་ཁོངས་སུ་གཏོགས་པས་གནམ་གཤིས་གྲང་ངར་ཆེ་ལ་ཐན་པ་ཆེ་བ་དང་། གནམ་གཤིས་ལ་འགྱུར་ལྡོག་ཆེ་བ། ཉིན་མཚན་གྱི་དྲོད་ཚད་ཧེ་བག་ཆེ་བ་བཅས་ཡོད། ལྗོངས་ཁུལ་མང་ཆེ་བ་ནི་གདོད་མའི་སྣོད་བཅུད་ཀྱི་རང་བྱུང་མཛེས་ལྗོངས་ཁུལ་ཡིན་པ་དང་དེ་གར་དུད་ཚང་ཉུང་བ་མ་ཟད། རི་བབ་གཡང་གཟར་དང་ས་དབྱིབས་རྙོག་འཛིང་ཆེ་ལ་འབྲོང་དང་། དྲེད་མོང་། རི་སྤྱང་སོགས་རི་སྐྱེས་སྲོག་ཆགས་གཏུམ་པོའི་རིགས་འགྲོ་འོང་བྱེད་མང་བས་ཕྱི་རོལ་དུ་ཡུལ་སྐོར་བྱེད་སྐབས་ངེས་པར་དུ་གནམ་གཤིས་ཀྱི་འགྱུར་ལྡོག་ལ་དོ་སྣང་བྱེད་དགོས་པ་དང་། འགྲོ་སྐྱོད་ཀྱི་དུས་ཚོད་ལུགས་མཐུན་ངང་བཀོད་སྒྲིག་བྱེད་དགོས་པ་ལས་ལྗོངས་ཁུལ་གྱིས་ཚད་བཀག་ལས་བརྒལ་ཏེ་གསར་སྤེལ་བྱས་མེད་པའི་ས་ཁོངས་སུ་གང་འདོད་ཀྱིས་བསྐྱོད་མི་རུང་། གལ་ཏེ་ལམ་ནོར་ཚེ་ངེས་པར་དུ་འཕྲིན་གཏོང་བརྡ་རྟགས་ཡོད་པའི་ས་ཆར་རོགས་སྐྱོབ་ལ་སྒུག་དགོས། གལ་སྲིད་ལམ་ནོར་བའི་ས་ཆར་བརྡ་རྟགས་མེད་ཚེ་ངེས་པར་དུ་རང་ཉིད་བརྒྱུད་མྱོང་བའི་ལམ་བར་དུ་རྟགས་བརྒྱབ་ནས་རོགས་སྐྱོབ་མི་སྣར་འཚོལ་སྐྱོབ་བརྡ་རྟགས་མཁོ་འདོན་བྱེད་དགོས་ཞེས་གསལ་འདེབས་བྱས་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།