ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

དགུན་དཔྱིད་ཀྱི་མཁའ་ལམ་གསར་པ་སྟེ། བོད་ལྗོངས་ཀྱིས་ལྷ་ས་ནས་པའོ་ཧྲན་བར་སོགས་ཀྱི་མཁའ་ལམ་མང་དུ་བཏང་པ།

སྤེལ་དུས 2021-11-04 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་ཤིས་རྒྱལ་གྱིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ10པའི་ཚེས31ཉིན་གྱི་ཆུ་ཚོད12དང་སྐར་མ56གི་སྟེང་། གནམ་གྲུ་ཞིག་བོད་རང་སྐྱོང་ལྗོངས་ཉིང་ཁྲི་སྨན་གླིང་གནམ་ཐང་དུ་བབས་པ་དང་བསྟུན་ནས་ཝུའུ་ཧན་དང་ཉིང་ཁྲིའི་བར་གྱི་མཁའ་ལམ་གྱི་གནམ་གྲུ་འཕུར་ཐེངས་དང་པོ་ལེགས་གྲུབ་བྱུང་བ་རེད། 
          གསར་འགོད་པས་དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ས་ཁུལ་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་ཀྱི་དམངས་སྤྱོད་མཁའ་འགྲུལ་དངོས་སུ་དགུན་དཔྱིད་ཀྱི་འཕུར་སྐྱོད་དུས་ཚིགས་སུ་སླེབས་པ་དང་བསྟུན་ནས་ལྷ་སའི་གོང་དཀར་གནམ་ཐང་དུ་ལྷ་ས་ནས་པའོ་ཧྲན་བར་དང་། ལྷ་ས་ནས་ལིན་ཚང་བར། ལྷ་ས་ནས་དབྱི་ཁྲང་བརྒྱུད་དེ་ཁྲང་ཁྲུན་བར་འགྲོ་འོང་བྱེད་པའི་མཁའ་ལམ་མང་དུ་བཏང་པ་དང་། ཉིང་ཁྲི་སྨན་གླིང་གནམ་ཐང་དུ་ཉིང་ཁྲི་ནས་ཝུའུ་ཧན་བར་གྱི་མཁའ་ལམ་མང་དུ་བཏང་ཡོད་པ་རེད། ད་ཐེངས་ཀྱི་དགུན་དཔྱིད་ཀྱི་དུས་གཏན་གནམ་གྲུའི་དུས་ཚིགས་ནི2021ལོའི་ཟླ་10པའི་ཚེས31ཉིན་ནས2022ལོའི་ཟླ3པའི་ཚེས26ཉིན་བར་རེད། 

གནམ་གྲུ་ཞིག་ལྷ་ས་གོང་དཀར་གནམ་ཐང་དུ་འབབ་ཉེར་ཡོད་པའི་ཚུལ། 
          ཤེས་རྟོགས་བྱུང་བར་གཞིགས་ན། བོད་རང་སྐྱོང་ལྗོངས་ཀྱིས་མིག་སྔར་ཁྱོན་མཁའ་ལམ་146བཏོད་དེ་རྒྱལ་ཁབ་ཕྱི་ནང་གི་གྲོང་ཁྱེར67ལ་གནམ་གྲུ་ཤར་གཏོང་ཐུབ་ཡོད་ཅིང་། གནམ་གྲུ་འཕུར་འགོ་ཚུགས་རྗེས། སྔོན་དཔག་བྱས་ན་ལྷ་ས་གོང་དཀར་གནམ་ཐང་དུ་གཟའ་འཁོར་རེར་གནམ་གྲུ་འཕུར་འབབ་ཐེངས་གྲངས1094ཟིན་ཐུབ་ལ། སྔོན་དཔག་བྱས་ན་དགུན་དཔྱིད་གཉིས་ཀྱི་གནམ་གྲུ་འཕུར་འབབ་དུས་ཚིགས་ཧྲིལ་པོར་གནམ་གྲུ་འཕུར་འབབ་ཐེངས་གྲངས་ཁྲི2ལས་བརྒལ་རྒྱུ་རེད། 
          མཁའ་ལམ་མང་དུ་ཕྱིན་པ་དང་ཆབས་ཅིག  བོད་རང་སྐྱོང་ལྗོངས་ཀྱི་གནམ་ཐང་ཁག་གི་ཞབས་ཞུའང་རྒྱུན་མཐུད་ངང་འཐུས་སྒོ་ཇེ་ཚང་དུ་ཕྱིན་ཡོད། ཉེ་ཆར། དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ས་ཁུལ་ཅུས་ཀྱིས་ལྷ་ས་གོང་དཀར་གནམ་ཐང་དུ“སེམས་ཁྲལ་མེད་པར་བསྐྱོད་པའི”ཁྱད་ལྡན་ཞབས་ཞུ་བཏོན་ཡོད་པ་དང་། གནམ་ཐང་གི་ལས་བྱེད་མི་སྣས་དམིགས་བསལ་གྱི་འགྲུལ་པར“སེམས་ཁྲལ་མེད་པར་བསྐྱོད་པའི”མཚོན་རྟགས་སྦྱར་རྒྱུ་དང་། མཚོན་རྟགས་དེ་དམར་པོ་དང་སེར་པོ་གཉིས་སུ་དབྱེ་ཡོད་དེ། དམར་པོ་དེས་ངེས་པར་དུ་དམིགས་བསལ་གྱི་རོགས་རམ་བྱེད་དགོས་པའི་རྐུབ་སྟེགས་འཁོར་ལོའི་འགྲུལ་པ་མཚོན་པ་དང་། སེར་པོས་ཁྲིད་སྟོན་བྱ་དགོས་པའི་ལོ་ན་མཐོ་བའི་འགྲུལ་པའམ་ཡང་ན་ཐེངས་དང་པོར་གནམ་གྲུར་སྡོད་མཁན་འགྲུལ་པ་མཚོན་གྱི་ཡོད་པ་རེད། “སེམས་ཁྲལ་མེད་པར་ཤར་བགྲོད་ཡོང་བའི”མཚོན་རྟགས་སྦྱར་ཡོད་པའི་འགྲུལ་པ་དག་ནི་གནམ་ཐང་གི་ལས་བྱེད་མི་སྣས་དབྱེ་འབྱེད་བྱེད་བདེ་བ་མ་ཟད། རིན་མི་དགོས་པའི་རྐུབ་སྟེགས་འཁོར་ལོ་དང་མགྱོགས་མྱུར་གནམ་གྲུར་སྡོད་པའི་འགྲོ་ལུགས། སྔོན་ལ་གནམ་གྲུར་སྡོད་པ། བརྒྱུད་རིམ་ཧྲིལ་པོར་ཁྲིད་སྟོན་བྱེད་པ་སོགས་ཀྱི་ཆེད་གཏོགས་ཞབས་ཞུ་མཁོ་འདོན་གནང་གི་ཡོད་པ་རེད། གཞན་ཡང་དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ས་ཁུལ་ཅུས་བདེ་འཇགས་ཞིབ་བཤེར་ས་ཚིགས་ཀྱིས་ཟླ10པའི་ཟླ་འགོར་བུད་མེད་ཀྱི་ཆེད་སྤྱོད་བདེ་འཇགས་ཞིབ་བཤེར་བགྲོད་ལམ་བཏོད་དེ་བདེ་འཇགས་ཞིབ་བཤེར་གྱི་གནོན་ཤུགས་ཞི་ལྷོད་དུ་བཏང་བ་དང་ཆབས་ཅིག་བུད་མེད་ཡུལ་སྐོར་བས་ཞིབ་བཤེར་བྱེད་པར་སྟབས་བདེ་བསྐྲུན་ཡོད་པ་རེད། 
          མིག་སྔར། བོད་རང་སྐྱོང་ལྗོངས་ཀྱི་གནམ་ཐང་ཁག་ཚང་མས་གནས་ཡུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྲིད་ཇུས་ལ་བརྩི་སྲུང་བྱས་ཏེ། རྒྱ་ཆེའི་འགྲུལ་པ་མ་ཐོན་གོང་ཐོན་ཡུལ་གནམ་ཐང་དང་དམིགས་སའི་གནམ་ཐང་གི་རིམས་ནད་སྔོན་འགོག་ཚོད་འཛིན་སྲིད་ཇུས་ལ་ཤེས་རྟོགས་ཞིབ་ཕྲ་བྱེད་དགོས་པའི་དུས་མཚུངས་གནམ་ཐང་ཁག་གི་སྐྱེལ་འདྲེན་དུས་ཚོད་ལ་དོ་སྣང་བྱས་ནས་གནམ་གྲུར་སྡོད་རྒྱུ་ནར་འགྱངས་མི་ཡོང་བ་བྱེད་དགོས། 
རྩོམ་སྒྲིག་པ། བསྟན་ཆོས།