ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཝང་ཅུན་ཀྲེང་གིས་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས།

སྤེལ་དུས 2021-11-18 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
        ཚེས་17ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་རྩོམ་གལ་ཆེན་དང་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་བ་དང་འབྲེལ། བོད་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་གནང་ནས་ལག་བསྟར་དང་དོན་འཁྱོལ་གྱི་བསམ་འཆར་ལ་ཞིབ་འཇུག་ཀྱང་གནང་བ་རེད།

ཚོགས་ར།
       ཝང་ཅུན་ཀྲེང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་དང་གསུང་བཤད་གལ་ཆེན་གྱིས་ལོ་རྒྱུས་དང་དོན་དངོས། འཐབ་ཇུས་དང་སྤྱི་ཡོངས་ཀྱི་མཐོ་ཚད་ནས་གང་ལ་ཀྲུང་གོ་གུང་ཁྲན་ཏང་མིའི་ཕུགས་བསམ་དང་དད་སེམས་ཟེར་བ་དང་། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་དགོས་དོན་གང་ཡིན་པ། ཕུགས་བསམ་དང་དད་སེམས་ཇི་ལྟར་བརྟན་དུ་གཏོང་དགོས་པ་སོགས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ལ་རྒྱས་བཤད་གཏིང་ཟབ་གནང་བ་མ་ཟད། མར་ཁེ་སི་རིང་ལུགས་ཀྱི་བདེན་དོན་གྱི་སྟོབས་ཤུགས་ཆེན་པོ་དང་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་ལོ་རྒྱུས་ཀྱི་འཕེལ་རིམ་རླབས་པོ་ཆེ་དང་ཉམས་མྱོང་ལ་རྒྱས་བཤད་གཏིང་ཟབ་ཀྱང་གནང་ཡོད། དེར་བརྟེན་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་རྩོམ་གལ་ཆེན་དང་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན། དེའི་ནང་གི་མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་། ལྟ་བ། བྱེད་ཐབས་བཅས་ཁོང་དུ་གཏིང་ཟབ་ཆུད་པ། ཟབ་སྦྱོང་མཐིལ་རྟོགས་དང་། གོ་བ་ལོན་པ་དང་ཁོང་དུ་ཆུད་པ། ཤེས་སྦྱོར་གཅིག་མཐུན་བཅས་བྱས་ཏེ། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གསར་ཤོས་ལ་བརྟེན་ནས། བསམ་བློར་དྲག་ཆས་སྤྲོས་པ་དང་ལག་ལེན་ལ་མཛུབ་ཁྲིད་བྱས་ནས། དུས་རབས་གསར་པའི་བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་ལེགས་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
       ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། བསམ་བློར་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་པར་ཤུགས་སྣོན་བརྒྱབ་ནས་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་དགོས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། “གཏན་འཁེལ་གཉིས”བྱས་པ་ལས་དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ལོ་རྒྱུས་འཕེལ་རིམ་ལ་སྐུལ་འདེད་གཏོང་བར་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་པར་ངོས་འཛིན་གཏིང་ཟབ་བྱེད་པ་དང་། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ “སྲུང་སྐྱོང་གཉིས”ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱེད་པའི་བྱ་སྤྱོད་ལས་མངོན་པ་དང་། རང་འགན་གཙང་སྒྲུབ་དང་རང་འཁྲིའི་ལས་དོན་ཡག་པོ་སྒྲུབ་པའི་ཕན་འབྲས་དངོས་ལས་མངོན་པ། ཏང་ཡོན་ལས་བྱེད་པའི་རྒྱུན་གཏན་གྱི་གཏམ་སྤྱོད་ལས་མངོན་པ་བཅས་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ཐོག་མཐའ་བར་གསུམ་དུ་བསམ་བློའི་དར་ཆ་མཐོན་པོར་སྒྲེང་བ་དང་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ལ་དད་སེམས་དང་དོན་འཁྱོལ་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། སློབ་སྦྱོང་གི་ཕན་འབྲས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་བྱ་སྤྱོད་དངོས་ལ་འགྱུར་བར་བྱེད་དགོས།
       ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། གཞི་རིམ་ལ་དམ་འཛིན་ཤུགས་ཆེན་དང་རྨང་གཞིར་དམ་འཛིན་ཤུགས་ཆེན་བྱེད་པའི་ཕྱོགས་སྟོན་གསལ་པོ་མཐའ་འཁྱོངས་བྱས་ཏེ། ཁྱབ་ཁོངས་ཁག་གི་ཏང་རྩ་འཛུགས་འཛུགས་སྐྱོང་དང་ཏང་ཡོན་དཔུང་ཁག་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་དགོས། གཞི་རིམ་ལ་དམ་འཛིན་དང་། རྨང་གཞི་སྟོབས་ལྡན། གཞི་རྩ་བརྟན་པོ་བཅས་མཐའ་འཁྱོངས་ཀྱིས་ཏང་རྩ་འཛུགས་ཀྱི་མ་ལག་ཚགས་ཚུད་དང་སྟོབས་ཆེར་གཏོང་བ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ནུས་པ་དང་སྒྲིག་འཛུགས་ཀྱི་ནུས་པ་ནུས་ཤུགས་ཡོད་རྒུས་ཆེ་རུ་གཏོང་བ། ཏང་ཡོན་དཔུང་ཁག་གི་གསོན་ཤུགས་རྒྱུན་མཐུད་འཕེལ་བ་བཅས་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་། མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་ཁྲིད་བྱེད་པ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པ། མཐའ་མཚམས་ཀྱི་མངའ་ཁོངས་སྲུང་བ་བཅས་ཀྱི་སྲ་ཞིང་བརྟན་པའི་དམག་འཐབ་མཁར་རྫོང་ཞིག་ཏུ་འཛུགས་སྐྱོང་བྱེད་དགོས། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་ལས་དོན་གྱི་འཐབ་ས་དང་པོ་ནས་ལས་བྱེད་པ་ཤེས་རྟོགས་དང་། གསོ་སྐྱོང་། སྦྱོང་བརྡར། བེད་སྤྱོད་བཅས་ལ་སྣང་ཆེན་བྱས་ཏེ། འཇོན་ཐང་ལ་བརྟེན་ནས་ལས་བྱེད་པ་སྤྱོད་པ་དང་གྲུབ་འབྲས་དངོས་ལ་བརྟེན་ནས་དཔའ་བོ་ཡིན་མིན་ལྟ་བ། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་ལས་བྱེད་པའི་དཔུང་ཁག་ཅིག་འཛུགས་སྐྱོང་ཧུར་ཐག་བྱས་ནས། བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་ལེགས་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འདེགས་སྐྱོར་ནུས་ལྡན་བྱེད་དགོས།
རྩོམ་སྒྲིག་པ། སྣང་རྡོར།