ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཀྲུང་གོ་དང་ཨ་རིའི་བར་སྨྱན་སྦྱོར་གནད་དོན་ཐད་ནས་གྲོས་འཆམ་བྱུང་།

སྤེལ་དུས 2021-11-19 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
          གནས་ཚུལ་སྤེལ་བར་གཞིགས་ན། ཚེས16ཉིན་ཀྲུང་གོ་དང་ཨ་རི་ཕྱོགས་གཉིས་པོའི་གཙོ་འཛིན་བརྙན་ལམ་ནས་མཇལ་འཕྲད་མ་གནང་གོང་དུ། སྨྱན་སྦྱོར་གྱི་གནད་དོན་ཐད་དོན་ཚན་གསུམ་གྲོས་འཆམ་བྱུང་བ་སྟེ།
          ད་ལྟ་རྒྱུན་སྡོད་གསར་འགོད་པས་རིམས་འགོག་གཏན་འབེབས་ལ་བརྩི་སྲུང་བྱ་བའི་སྔོན་འགྲོའི་ཆ་རྐྱེན་འོག་རྒྱུན་ལྡན་ལྟར་ཕན་ཚུན་གྱི་རྒྱལ་ཁབ་ལ་འགྲོ་འོང་བྱེད་ཆོག་པར་ཕྱོགས་གཉིས་པོས་ཕན་ཚུན་འགན་ལེན་བྱས་པ།
          ཨ་རི་ཕྱོགས་ཀྱིས་ཀྲུང་གོའི་གསར་འགོད་པར་ལོ་གཅིག་ནང་ཐེངས་མང་པོར་རྒྱལ་ཁོངས་སུ་ཡོང་ཆོག་པའི་འཐུས་མཆན་སྤྲོད་རྒྱུ་མ་ཟད། འཕྲལ་དུ་རྒྱལ་ནང་གི་ལས་རིམ་འགོ་ཚུགས་ནས་ཀྲུང་གོའི་གསར་འགོད་པའི་འཐུས་མཆན་འཇོག་པའི་དུས་ཡུན་གྱི་གནད་དོན་ཐག་གཅོད་བྱ་རྒྱུའི་ཁས་ལེན་བྱས་པ་རེད། ཀྲུང་གོ་ཕྱོགས་ཀྱིས་འདྲ་མཚུངས་ཀྱི་རྩ་དོན་ལ་གཞིགས་ཏེ། ཨ་རི་ཕྱོགས་ཀྱི་སྲིད་ཇུས་བྱ་ཐབས་དོན་འཁྱོལ་བྱུང་རྗེས་ཀྲུང་གོར་བཅའ་སྡོད་བྱེད་པའི་ཨ་རིའི་སྨྱན་སྦྱོར་གྱི་གསར་འགོད་པར་གཅིག་མཚུངས་ཀྱི་འཐུས་མཆན་སྤྲོད་པ་དང་འཐུས་མཆན་འཇོག་པའི་དུས་ཡུན་གྱི་ཐོབ་ཐང་སྤྲོད་རྒྱུ་ཡིན་པ་རེད།  
          ཕྱོགས་གཉིས་པོས་ཁྲིམས་ལུགས་དང་སྒྲིག་སྲོལ་ལྟར་གསར་དུ་བསྐོ་གཞག་བྱས་པའི་རྒྱུན་སྡོད་གསར་འགོད་པའི་འཐུས་མཆན་ལ་འདྲ་མཉམ་སྒོས་ཆོག་མཆན་འགོད་རྒྱུ་རེད།
          དུས་ཡུན་རིང་པོའི་ནང་ཨ་རིར་བཅའ་སྡོད་བྱེད་པའི་ཀྲུང་གོའི་གསར་འགོད་པར་རྒྱལ་ཁོངས་སུ་ཡོང་བའི་སྤྱོད་གཅིག་འཐུས་མཆན་ལས་མེད་སྟབས་ཧ་ཅང་སྟབས་བདེ་མིན་ཞིང་། གསར་འགོད་པ་ཁག་གཅིག་ཐ་ན་རྒྱལ་ནང་དུ་ལོག་ནས་ཚོགས་འདུ་འཚོགས་པ་དང་གཉེན་ཉེར་ཐུག་འཕྲད་བྱས་རྗེས་ཕྱིར་ཨ་རིར་ཡོད་པའི་རང་གི་ལས་གནས་སུ་ལོག་ཁག་པོ་ཡོད་པ་རེད། ད་ཐེངས་ཕྱོགས་གཉིས་པོས་སྨྱན་སྦྱོར་ཐད་ཀྱི་ཐོབ་ཐང་གནད་དོན་ལ་ལོ་གཅིག་ལྷག་ཙམ་རིང་ལ་གྲོས་བསྡུར་བྱས་པ་དང་། འཐབ་རྩོད་ཡོད་ལ་མཉམ་ལས་ཀྱང་ཡོད། དངོས་གནས་གདོང་གཏུག་མེད་ན་ངོ་མི་ཤེས་ཞེས་པའི་དཔེ་ལས་མ་འདས་པས། མིག་སྔའི་གྲོས་འཆམ་དོན་ཚན་གསུམ་པོ་དེ་ཐོབ་པ་ལས་སླ་མོ་ཞིག་གཏན་ནས་མིན། ཕྱོགས་གཉིས་པོའི་གསར་འགོད་པའི་ངོས་ནས་བརྗོད་ན་འདི་ནི་གཏམ་བཟང་ཞིག་ཡིན་ལ། ཕྱོགས་གཞན་ཞིག་ནས་བརྗོད་ན་མིག་སྔའི་ཀྲུང་གོ་དང་ཨ་རིའི་དབར་གྱི་འདྲ་མཉམ་གྱི་རྣམ་པ་གསར་པ་ཞིག་མཚོན་ཐུབ།
          གལ་ཏེ་ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གཉིས་ཕན་གྱི་བསམ་ཚུལ་འཛིན་པ་དང་། ངང་རྒྱུད་རིང་པོས་ཕན་ཚུན་འབྲེལ་བ་བྱས་ཚེ། ཕྱོགས་གཉིས་ཀ་ཕན་པའི་བྱ་བ་བསྒྲུབ་ཐུབ་པས། ཀྲུང་གོ་དང་ཨ་རིའི་མཉམ་ལས་ཀྱིས་རྒྱལ་ཁབ་གཉིས་པོའི་སྨྱན་སྦྱོར་ཐད་ལ་སྔར་ལས་ལྷག་པའི་གཏམ་བཟང་མང་པོ་བསྐྲུན་ཐུབ་པའི་རེ་བ་ཡོད།
རྩོམ་སྒྲིག་པ། བདེ་སྒྲོན།