ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཝང་ཅུན་ཀྲེང་གིས་བོད་ལྗོངས་ནང་བསྟན་སློབ་གླིང་དུ་གསུངས་དོན…

སྤེལ་དུས 2021-11-22 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
          ཚེས་20ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་བོད་ལྗོངས་ནང་བསྟན་སློབ་གླིང་དུ་བརྟག་ཞིབ་གནང་བར་ཕེབས་ནས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་རེད།

སྒྲོག་འགྲེལ་བྱ་ཡུལ།
          ཝང་ཅུན་ཀྲེང་བསླབ་གཞི་འགྲེམས་སྟོན་ཁང་དང་། ལོ་ཆུང་སྤྲུལ་སྐུའི་འཛིན་གྲྭ བཙུན་མའི་ཚན་ཁག དཔེ་དེབ་དང་ཚད་ལྡན་ཡིག་ཆ་ལྟེ་གནས་བཅས་སུ་ཕེབས་ནས། སློབ་མའི་སློབ་སྦྱོང་དང་འཚོ་བའི་གནས་ཚུལ་མཁྱེན་རྟོགས་ནན་ཏན་གནང་བ་དང་། བོད་ལྗོངས་ནང་བསྟན་སློབ་གླིང་གི་ལས་བྱེད་ལས་བཟོ་དང་། དཔེ་ཆའི་དགེ་རྒན། སློབ་མའི་འཐུས་མི་བཅས་དང་བཞུགས་མོལ་སྤེལ་རེས་གནང་བ། བོད་ལྗོངས་ནང་བསྟན་སློབ་གླིང་གི་སློབ་གཉེར་གནས་ཚུལ་གྱི་སྙན་སེང་གསན་པ་རེད།

ཝང་ཅུན་ཀྲེང་གིས་བོད་ལྗོངས་ནང་བསྟན་སློབ་གླིང་གི་ལས་བྱེད་ལས་བཟོ་དང་། དཔེ་ཆའི་དགེ་རྒན། སློབ་མའི་འཐུས་མི་བཅས་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བཞིན་པ།
          ཝང་ཅུན་ཀྲེང་གིས་གསུངས་དོན། ལྗོངས་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་གྱི་མི་རིགས་ཆོས་ལུགས་སྡེ་ཚན་ཁག་དང་ཚན་པ་ཁག་གིས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ཁྱོན་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ཀྱི་གྲུབ་འབྲས་རླབས་ཆེན་དང་། བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ཚུན་གྱི་དུས་ཐུང་ལོ་བདུན་ཅུའི་རིང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་བའི་ལོ་རྒྱུས་ཀྱི་འཕོ་འགྱུར་ཆེན་པོ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བོད་ལྗོངས་ལ་ཕྱོགས་ཡོངས་ནས་ཡར་རྒྱས་བྱུང་བ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་བཅས་ཀྱི་ཁྲོད་ནས། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ནི་མཁས་མཛངས་ཡང་དག་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ནི་མཁས་མཛངས་ཡང་དག་ཡིན་པ། “གཏན་འཁེལ་གཉིས”ཀྱིས་དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ལོ་རྒྱུས་འཕེལ་རིམ་ལ་སྐུལ་འདེད་གཏོང་བའི་ཐད་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་པ་བཅས་ལ་མྱོང་ཚོར་ཟབ་མོ་ཐུབ་པར་བྱས་ཏེ། རྒྱ་ཆེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ཀྱི་བསམ་བློ་དང་བྱ་སྤྱོད་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ཐོག་གཅིག་གྱུར་ཡོང་བར་བྱས་ནས། བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་པར་ཁྲིད་སྟོན་བྱེད་དགོས།

ཝང་ཅུན་ཀྲེང་གིས་བོད་ལྗོངས་ནང་བསྟན་སློབ་གླིང་གི་ལས་བྱེད་ལས་བཟོ་དང་། དཔེ་ཆའི་དགེ་རྒན། སློབ་མའི་འཐུས་མི་བཅས་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བཞིན་པ།
          ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཆོས་ལུགས་ལས་དོན་གནས་བབ་གལ་ཆེན་ཐོག་བཞག་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆོས་ལུགས་ཀྱི་ལས་དོན་ཐད་མཛུབ་སྟོན་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་སྟེ། ང་ཚོས་དུས་རབས་གསར་པའི་ཆོས་ལུགས་ཀྱི་ལས་དོན་ཡག་པོ་སྒྲུབ་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། དེར་བརྟེན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་དང་། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དོན་འཁྱོལ་ནན་ཏན། ཏང་གི་ཆོས་དད་རང་མོས་ཀྱི་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར། ཁྲིམས་ལྟར་ཆོས་ལུགས་ཀྱི་ལས་དོན་ལ་དོ་དམ། རང་ཚུགས་རང་བདག་རང་གཉེར་གྱི་རྩ་དོན་མཐའ་འཁྱོངས་བཅས་བྱས་ནས། ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི“ཆབ་སྲིད་ཐད་བློས་འཁེལ་བ་དང་། ཆོས་ལུགས་ཐད་ཐོས་བསམ་ཟབ་པ། སྤྱོད་ལམ་ཐད་དམངས་མགུ་བ། འགག་རྩའི་དུས་ནུས་པ་ཐོན་པ”བཅས་ཀྱི་བཀའ་སློབ་ནན་པོ་རྒྱ་ཆེའི་གྲྭ་བཙུན་རྣམས་ཀྱིས་ལག་ལེན་ཧུར་ཐག་བསྟར་བར་ཁྲིད་སྟོན་བྱས་ཏེ། བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་འདོན་དགོས།

ཝང་ཅུན་ཀྲེང་གིས་བསླབ་གཞི་འགྲེམས་སྟོན་ཁང་དུ་སློབ་མའི་སློབ་སྦྱོང་གི་གནས་ཚུལ་མཁྱེན་རྟོགས་གནང་བཞིན་པ།
          ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཆོས་ལུགས་ལས་དོན་གྱི་འགོ་ཁྲིད་དབང་ཆར་སྟངས་འཛིན་ནན་པོ་བྱས་ཏེ། ཆོས་ལུགས་ལས་དོན་ཉིན་རེའི་གྲོས་རིམ་གལ་ཆེན་དུ་བཅུག་ནས། རིམ་ཁག་ཏང་ཨུད་ཀྱིས་དུས་བཀག་ལྟར་ཆོས་ལུགས་ཀྱི་ལས་དོན་ལ་ཞིབ་འཇུག་དང་། གནད་དོན་དུས་ཐོག་ཏུ་རྟོགས་པ་དང་ཐག་གཅོད། དོན་དག་གལ་ཆེན་དང་གནད་དོན་གལ་ཆེན་ལ་ལྟ་སྐུལ་སྒྲུབ་གཉེར་དང་ཞིབ་བཤེར་བྱེད་པའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས། ཁྲིད་སྟོན་བྱེད་པའི་འཇོན་ཐང་ཆེ་རུ་གཏོང་བ་དང་། དགོན་སྡེའི་དོ་དམ་ལ་ཤུགས་སྣོན། ཆོས་ལུགས་ལས་རིགས་ཀྱི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། མར་ཁེ་སི་རིང་ལུགས་ཀྱི་ཆོས་ལུགས་ལྟ་བ་ནང་བྱན་ཆུད་པ་དང་། ཆོས་ལུགས་ཀྱི་ལས་དོན་ལ་རྒྱུས་མངའ་ཡོད་པ། མང་ཚོགས་ཀྱི་ལས་དོན་སྒྲུབ་མཁས་པ་བཅས་ཀྱི་ལས་བྱེད་པའི་དཔུང་ཁག་ཁག་གཅིག་གསོ་སྐྱོང་དང་འདེམས་སྒྲུག་བརྒྱབ་ནས། ཆོས་ལུགས་ལས་དོན་གྱི་འཇོན་ཐང་ཆེ་རུ་གཏོང་དགོས། འཐབ་ཕྱོགས་གཅིག་གྱུར་གྱི་རིམ་ཁག་སྡེ་ཚན་གྱིས་སྣེ་ཁྲིད་དང་མཐུན་སྦྱོར་གྱི་འགན་འཁྲི་ཁུར་ནས། སྡེ་ཚན་ཁག་གིས་ཁྲིམས་ལྟར་ཆོས་ལུགས་ལས་དོན་གྱི་དོ་དམ་ལ་མཛུབ་ཁྲིད་བྱས་ཏེ། གངས་ལྗོངས་ས་མཐོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།
རྩོམ་སྒྲིག་པ། བདེ་སྒྲོན།