ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་རང་སྐྱོང་ལྗོངས་ཀྱིས་ལོ་ལྔའི་རིང་འཆར་འགོད་མ་འཇོག་སྒོར་དུང་ཕྱུར3937དོན་འཁྱོལ་བྱས་པ།

སྤེལ་དུས 2021-11-29 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།

          གསར་འགོད་པས2021ལོའི་ཟླ11པའི་ཚེས27ཉིན་འཚོགས་པའི་བོད་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག་ཤེས་གསལ་ལྟར་ན། འདས་ཟིན་པའི་ལོ་ལྔའི་རིང་བོད་ལྗོངས་ཀྱི་དཔལ་འབྱོར་སྐྱོན་བྲལ་དང་མགྱོགས་མྱུར་ངང་འཕེལ་རྒྱས་ཕྱིན་ཡོད། ལོ་ལྔའི་རིང་འཆར་འགོད་མ་འཇོག་སྒོར་དུང་ཕྱུར3937དོན་འཁྱོལ་བྱས་ཤིང་། ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་ལོ་རེར་ཆ་སྙོམས9%འཕར་བ་དང་། འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ནས་མི་རེར་ཆ་སྙོམས་སྒོར་ཁྲི5ལས་བརྒལ་ཡོད། ཁྲོན་བོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོ་ལས་མགོ་བཙུགས་པ་དང་། ལྷ་ནས་ཉིང་ཁྲི་མཚམས་ལྕགས་ལམ་ལས་གཞི་བསྐྲུན་ནས་སྤྱོད་མགོ་ཚུགས་ཏེ“བསྐྱར་དར་རྟགས་ཅན”གྱི་མེ་འཁོར་གངས་ལྗོངས་མཐོ་སྒང་དུ་ཤར་གཏོང་བྱས་པ། ལྷ་ས་ནས་ལྷོ་ཁ་དང་། ཉིང་ཁྲི། ནག་ཆུ་བཅས་ཀྱི་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་པ། རྫོང་ཚང་མར་སྣུམ་ནག་གཞུང་ལམ་དང་ཤང་ཚང་མར་གཞུང་ལམ་ཤར་གཏོང་ཐུབ་པ། གོང་དཀར་གནམ་གྲུ་ཐང་གིT3མཁའ་འགྲུལ་ས་ཚིགས་བསྐྲུན་ནས་སྤྱོད་མགོ་ཚུགས་པ། ཡན་ལག་གནམ་གྲུ་ཐང3ལས་མགོ་ཚུགས་པ། བོད་དབུས་གློག་ཤུགས་དྲ་སྦྲེལ་དང་མངའ་རིས་དང་བོད་དབུས་གློག་དྲའི་དྲ་སྦྲེལ་ལས་གཞི་བསྐྲུན་ནས་སྤྱོད་མགོ་ཚུགས་ཏེ། གློག་དྲ་གཙོ་བོ་རྫོང(ཆུས)ཚང་མར་ཁྱབ་པ་དང་ལྗོངས་ཡོངས་སུ་གཅིག་གྱུར་གྱི་གློག་དྲ་ཞིག་ཆགས་ཡོད། འབྲུ་རིགས་ཐོན་ཚད་ཏུན་ཁྲི100ཡན་དུ་བརྟན་པོར་ཡོད་པ། ཁྲོམ་རའི་བདག་གཉེར་བ་དུད་ཚང་ཁྲི40ལས་བརྒལ་བ་དང་ཚོང་འགུགས་མ་འདྲེན་གྱི་དམིགས་སར་འབྱོར་བའི་མ་དངུལ་སྒོར་དུང་ཕྱུར2535ཟིན་པ། བོད་ལྗོངས་ཀྱིས་བཅོས་སྒྱུར་བྱ་ཐབས800ལྷག་བཏོན་པ་དང་། གཞུང་ཁོངས་ཁེ་ལས་བཅོས་སྒྱུར་དང་རོང་འབྲོག་ཁུལ་གྱི་ཕྱོགས་བསྡུས་བཅོས་སྒྱུར་སོགས་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་བཅོས་སྒྱུར་ལ་གྲུབ་འབྲས་འབུར་ཐོན་བྱུང་ཡོད། ལྷ་སའི་ཕྱོགས་བསྡུས་དཔྱ་ཁྲལ་ཆག་ཡང་ཁུལ་བདེ་བླག་ངང་འཛུགས་སྐྲུན་བྱེད་བཞིན་ཡོད།
          མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་ཕྱིན་པ། རོང་འབྲོག་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་གྲངས་གནས་གཉིས་འཕར་བ་རྒྱུན་འཁྱོངས་ཐུབ་ནས་སྒོར14598ལ་སླེབས་ཡོད། ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་མི་འབོར་ཁྲི62.8ཚང་མ་དབུལ་ཐར་བྱུང་བ་དང་།རྫོང(ཆུས)74ཚང་མའི་དབུལ་ཞྭ་ཕུད་པ། མི་ཁྲི26.6ལྷག་རི་མཐོ་ཞིང་ལམ་ཐག་རིང་བའི་གྲོག་རོང་ནས་རོང་ས་གྲོང་རྡལ་དུ་བདེ་སྡོད་ལས་བརྩོན་བྱེད་པར་སྤོས་པས། ལོ་ངོ་སྟོང་ཕྲག་རིང་གི་དབུལ་ཕོངས་གནད་དོན་ཐག་གཅོད་ཐུབ་ཡོད།
          བོད་ལྗོངས་ཀྱི་མཐོ་སློབ་མཐར་ཕྱིན་སློབ་མའི་སྤྱིའི་ལས་ཞུགས་ཐུབ་ཚད95%ཡན་རྒྱུན་འཁྱོངས་ཐུབ་ཡོད་ཅིང་། རིམ་རྩིས་ལྟར་ན་ཞིང་འབྲོག་ཁུལ་གྱི་ངལ་ནུས་ལྷག་མ་མི་ཐེངས་ཁྲི283.9སྤོ་སྒྱུར་ཐུབ་ཡོད། ལོ15ཡི་གཞུང་གྲོན་སློབ་གསོ་ཕྱོགས་ཡོངས་ནས་ལག་བསྟར་བྱས་བ་དང་འོས་འགན་སློབ་གསོ་སྲ་བརྟན་དུ་གཏོང་ཚད95.03%ཟིན་ཡོད་ལ། “100%ཅན་ལྔ”ཕྱོགས་ཡོངས་ནས་མངོན་འགྱུར་ཐུབ་ཡོད། ཞིང་ཆེན་བརྒལ་ནས་སྨན་བཅོས་བྱས་པར་ས་ཆ་གཞན་དུ་སྨན་རིན་རྩིས་རྒྱག་བྱེད་པ་ཤར་གཏོང་ཐུབ་པས། ཐུམ་འབུའི་ནད་འགོག་བཅོས་ལ་ཐག་གཅོད་རང་བཞིན་གྱི་ཕན་འབྲས་ཐོན་པ་དང་། “གཉིས་ཆག་གཅིག་འཕར”གྱི་རྣམ་པ་རྒྱུན་མཐུད་ཇེ་ལེགས་སུ་ཕྱིན་པ་དང་། མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ72.19བར་ཇེ་རིང་དུ་ཕྱིན་ཡོད། གཞི་རྩའི་རྒན་གསོའི་འགན་བཅོལ་དང་སྨན་བཅོས་འགན་བཅོལ་ནང་ཞུགས་ཚད95%ཡན་ཟིན་པ། མི་རེའི་ཆ་སྙོམས་སྡོད་ཁང་རྒྱ་ཁྱོན་སྨི་གྲུ་བཞི་མ40ལྷག་ཟིན་ཡོད། །
རྩོམ་སྒྲིག་པ། བདེ་སྒྲོན།