ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་རང་སྐྱོང་ལྗོངས་ཏང་གི་འཐུས་ཚོགས་ཐེངས་བཅུ་པ་རྒྱལ་ཁའི་ངང་གྲོལ་བ།

སྤེལ་དུས 2021-12-01 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
           ཚེས་30ཉིན་གྱི་སྔ་དྲོ། ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ནས་བོད་ལྗོངས་མི་དམངས་ཚོགས་ཁང་དུ་རྒྱལ་ཁའི་ངང་གྲོལ་བ་རེད།
           བློ་མཐུན་ཝང་ཅུན་ཀྲེང་གིས་ཚོགས་ཆེན་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གནང་བ་རེད།

ཝང་ཅུན་ཀྲེང་གིས་ཚོགས་ཆེན་ཐོག་གསུང་བཤད་གནང་བཞིན་པ།
            ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཝང་ཅུན་ཀྲེང་དང་། བློ་བཟང་རྒྱལ་མཚན། ཡན་ཅིན་ཧའེ། ཀྲོང་ཡན། ཁྲེན་ཡུང་ཆི། ཀྲང་ཞུའེ་ཅེ། བསྟན་ཁོ། ཅང་ཅེ། པད་མ་དབང་འདུས། ལིའུ་ཅང་། ཝང་ཝུའེ་ཏུང་། དབང་ཧའེ་ཀྲོའུ། ལའེ་ཅའོ། ཀརྨ་ཚེ་བརྟན། ཤའོ་ཡིའུ་ཚའེ་བཅས་ཀྲུའུ་ཞི་སྡིངས་ཆའི་མདུན་གྲལ་དུ་བཞུགས་པ་དང་། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་གཞན་དག་དང་དམིགས་བསལ་གདན་ཞུས་འཐུས་མི་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་ཡོད།
            ཚོགས་ཆེན་ལ་འཐུས་མི་དང་དམིགས་བསལ་གདན་ཞུས་འཐུས་མི་595ཕེབས་དགོས་པ་དང་དངོས་སུ་འཐུས་མི་569ཕེབས་ཡོད་པ་དེ་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད།
            ཀྲུང་དབྱང་རྩ་འཛུགས་པུའི་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ཚོགས་ཆེན་ལ་མཛུབ་ཁྲིད་གནང་བར་ཕེབས་ཡོད།
            ཚོགས་ཆེན་ཐོག《ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྐབས་དགུ་པའི་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན་སྐོར་གྱི་ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་གྲོས་ཆོད》དང《ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྐབས་དགུ་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་གྲོས་ཆོད》ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད།

ཚོགས་ར།
            ཝང་ཅུན་ཀྲེང་གིས་གསུང་བཤད་གནང་ཞིང་། ཁོང་གིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་བྱམས་བརྩེའི་ཐུགས་ཁུར་འོག་འཐུས་མི་ཡོངས་དང་ཚོགས་འདུར་ཞུགས་པའི་བློ་མཐུན་རྣམས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད། ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ལས་འགན་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ཡོད་ཅེས་གསུངས་པ་རེད།
            ཝང་ཅུན་ཀྲེང་གིས། འདི་ནི་དར་ཆ་མཐོན་པོར་སྒྲེང་བ་དང་སྲོག་ཤིང་ལ་སྲུང་སྐྱོང་བྱེད་པའི་ཚོགས་ཆེན་ཞིག་ཡིན་ཞིང་། ཚོགས་ཆེན་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས“སྲུང་སྐྱོང་གཉིས”ལག་བསྟར་དང་། ཁྱོན་ཡོངས་ལ་དམིགས་ནས་འཕེལ་རྒྱས་འཆར་འགོད། དོན་དངོས་ལ་གཞི་ཚུགས་ནས་ལས་དོན་བཀོད་སྒྲིག་བཅས་བྱས་ཡོད་པས། ས་མཐོའི་བུ་ཕྲུག་ཁྲི་360ལྷག་ཙམ་གྱི་དཔའ་ཉམས་ངར་སེམས་དང་སྤྲོ་སེམས་ཆེན་པོ་སྔར་བས་འཕེལ་ཏེ་གངས་ལྗོངས་ས་མཐོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་ཆེད་འབད་འཐབ་ཧུར་ཐག་བྱེད་ངེས་ཡིན་ཞེས་བསྟན་པ་རེད།
            ཝང་ཅུན་ཀྲེང་གིས། འདི་ནི་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི་ཚོགས་ཆེན་ཞིག་ཡིན་ཞིང་། ཚོགས་ཆེན་ཐོག་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་དམངས་འཚོའི་ལས་དོན་ལ་ཚད་མཐོའི་དོ་ཁུར་བྱས་པ་དང་། འཕེལ་རྒྱས་གང་རུང་ཚང་མར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དོན་སྙིང་ལྡན་དགོས་པ་དང་། ཚང་མར་མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་དོན་སྙིང་ལྡན་དགོས་པ། ཚང་མར་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་གྱི་དོན་སྙིང་ལྡན་དགོས་པ། ཚང་མས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་འགྲོ་བར་ཕན་འདོགས་དགོས་པ་བཅས་མཐའ་འཁྱོངས་བྱས་ཡོད་པས། ཏང་གི་འོད་ཟེར་ལས་གངས་ལྗོངས་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཚོའི་སེམས་ལ་སྔར་བས་དྲོ་སྐྱིད་ཡོང་ངེས་རེད་ཅེས་བསྟན་པ་རེད།
            ཝང་ཅུན་ཀྲེང་གིས། འདི་ནི་མཐུན་སྒྲིལ་ཡར་བརྩོན་དང་འབྱུང་འགྱུར་གཏོད་པའི་ཚོགས་ཆེན་ཞིག་ཡིན་ཞིང་། ཚོགས་ཆེན་ཐོག“ལོ་བརྒྱ་གཉིས”ཀྱི་འཐབ་ཇུས་མཚམས་ཚིགས་ནས་འགོ་བཙུགས་ཏེ“སྤྱི་ཡོངས་གཉིས”ལ་དམིགས་ཏེ་སླད་ཕྱིན་དུས་སྐབས་ཤིག་རིང་གི་འབད་འཐབ་དམིགས་ཚད་བཏོན་པས། ཚོགས་ཞུགས་འཐུས་མི་ཚོའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེས་ཆེར་འཕེལ་བ་དང་རྗེས་སུ་ལུས་མི་འདོད་པ་དང་དཔའ་ངར་ཆེར་བསྐྱེད་ཀྱིས་སྔོན་ཐོན་བརྩོན་ལེན་བྱེད་པའི་བརྗོད་དོན་གཙོ་བོ་མཆོག་ཏུ་བཟུང་ཡོད་པས་གངས་ལྗོངས་ས་མཐོའི་བུ་ཕྲུག་ཚོས“མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་བསྐྲུན་ནས་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་ཐུན་མོང་ཐོག་མངོན་འགྱུར་བྱེད་པའི”མཉམ་ཤུགས་ཆེན་པོ་ཞིག་ཆགས་ངེས་རེད་ཅེས་བསྟན་པ་རེད།
            ཝང་ཅུན་ཀྲེང་གིས། འདི་ནི་དམངས་གཙོ་དར་སྤེལ་དང་སྤྱོད་གཙང་གཞུང་དྲང་གི་ཚོགས་ཆེན་ཞིག་ཡིན་ཞིང་། ཚོགས་ཆེན་ཐོག་ཏང་ཀྲུང་དབྱང་གིས་སྐབས་བརྗེའི་ལས་དོན་ཐད་བཏོན་པའི་བླང་བྱར་ནན་པོ་གཞིགས་ཏེ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། དམངས་གཙོ་དར་སྤེལ་གང་ལེགས། སྐབས་བརྗེའི་སྒྲིག་ཁྲིམས་ནན་པོ་བཅས་བྱས་ཏེ་ཀྲུང་གུང་བོད་རང་སྐྱོང་ལྗོངས་སྐབས་བཅུ་པའི་ཨུ་ཡོན་ལྷན་ཁང་དང་ཀྲུང་གུང་བོད་རང་སྐྱོང་ལྗོངས་སྐབས་བཅུ་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་བདམས་ཐོན་བྱུང་ནས་སྐབས་གསར་པའི་འགོ་ཁྲིད་མཉམ་སྡེབ་གྲུབ་པས། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་དེ་སེམས་མཐུན་སྟོབས་སྒྲིལ་དང་འབད་འབུངས་ཡར་བརྩོན་གྱིས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་འབད་འཐབ་ལྷོད་མེད་བྱེད་ངེས་ཡིན་ཞེས་བསྟན་པ་རེད།
            ཝང་ཅུན་ཀྲེང་གིས། ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཡག་པོ་བྱེད་རྒྱུ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ལས་འགན་གལ་ཆེན་ཞིག་རེད། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་ཚད་མཐོའི་མཐོང་ཆེན་གྱིས་འགོ་ཁྲིད་ལ་ཤུགས་སྣོན་དང་། སྒྲིག་འཛུགས་ཞིབ་ཚགས། བཀོད་སྒྲིག་དམ་ཚགས་བཅས་བྱས་ཏེ་སྤྱོད་གོ་ཆོད་ལ་ཕན་ནུས་ལྡན་པའི་བྱེད་ཐབས་དང་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ཡག་པོ་བྱས་ནས་ཚོགས་འདུའི་དགོངས་དོན་དེ་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་བྱ་སྤྱོད་དངོས་སུ་འགྱུར་བ་བྱེད་དགོས། ཏང་གི་འཐུས་མིས་སྣེ་ཁྲིད་དེ་ཚོགས་འདུའི་དགོངས་དོན་དྲིལ་བསྒྲགས་དང་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས་རང་འཁྲིའི་ལས་གནས་ཐོག་བྱས་རྗེས་འཇོག་པ་དང་བྱ་གཞག་བསྒྲུབས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་ཚོགས་ཆེན་གྱི་དགོངས་དོན་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
            ཝང་ཅུན་ཀྲེང་གིས། ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་བློ་ལ་བརྟན་པོར་ངེས་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ། བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་ཀྱིས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། ཡང་དག་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་བཀོད་པ་གསར་པར་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་བྱེད་པ། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་དོན་ཆེན་བཞིར་དམ་འཛིན་ཡག་པོ་བྱེད་པ། “འཛུགས་གཏོད་བཞིར”ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། “མདུན་གྲལ་དུ་སླེབས་པ་བཞི”ཧུར་ཐག་བྱེད་པ་བཅས་བྱས་ཏེ་བོད་ཀྱི་ལས་དོན་ཁག་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཛུབ་ཁྲིད་གནང་བའི་ཁ་ཕྱོགས་བརྒྱུད་རྒྱུན་ཆད་མེད་པར་མདུན་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
            ཝང་ཅུན་ཀྲེང་གིས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་གཅིག་ཏུ་ལག་བསྟར་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དམངས་འཚོ་འགན་ལེན་དང་ལེགས་སུ་ཏན་ཏིག་གཏོང་བ། སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ། ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱེད་པ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་ཧུར་ཐག་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བཟུང་ནས་མི་རིགས་ལས་དོན་ཡག་པོ་སྒྲུབ་རྒྱུ་མཐའ་འཁྱོངས་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རྨང་གཞི་བརྟན་དུ་གཏོང་བ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དེ་བས་ཟབ་པ་དང་། སྐྱིད་སྣང་དེ་བས་རྒྱུན་མཐུད་ཆོག་པ། བདེ་འཇགས་ཚོར་སྣང་དེ་བས་འགན་ལེན་ཐུབ་པ་བཅས་ཧུར་ཐག་བྱས་ཏེ་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་པའི་ནན་བཤད་གནང་བ་རེད།
            ཝང་ཅུན་ཀྲེང་གིས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས་བརྟག་དཔྱད་ཞིབ་འཇུག་ངོ་མ་བྱེད་དགོས་པ་དང་། དམ་པ་དོན་གཉེར་གྱི་སྙིང་སྟོབས་ལ་བརྟེན་ནས་ལས་དོན་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ནན་པོ་བྱེད་དགོས། དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་གཞི་རྩའི་ནུས་རྩལ་སྦྱངས་ཏེ་རྨང་གཞིར་དམ་འཛིན་ཤུགས་ཆེན་བྱེད་པའི་ཕྱོགས་སྟོན་གསལ་པོ་མཐའ་འཁྱོངས་ཀྱིས་འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་གྲུབ་འབྲས་དངོས་ལ་བརྟེན་ནས་དཔའ་བོ་ཡིན་མིན་གླེང་བ་དང་། དུས་ཚོད་ཀྱིས་མི་མི་སྒུག་པ་དང་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་སྙིང་སྟོབས་ལ་བརྟེན་པ་དང་བྱས་པའི་རྗེས་དང་འདྲུད་པའི་ཤུལ་ཡོད་པའི་ལས་ཀའི་སྤྱོད་ཚུལ་ལ་བརྟེན་ནས་ཐེངས་འདིའི་ཚོགས་ཆེན་ཐོག་བཀོད་པའི་འཆར་གཞི་དེ་གངས་ལྗོངས་ས་མཐོའི་འོད་སྟོང་འཕྲོ་བའི་དོན་དངོས་སུ་འགྱུར་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
            མཇུག་ཏུ་ཝང་ཅུན་ཀྲེང་གིས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་བློ་གཅིག་སེམས་གཅིག་དང་། དཀའ་སྤྱད་འབད་བརྩོན། ཏན་ཏན་ཏིག་ཏིག དངོས་འཛིན་དངོས་སྒྲུབ་བཅས་བྱས་ཏེ་གངས་ལྗོངས་ས་མཐོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་གཏོད་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས་པའི་འབོད་སྐུལ་གནང་བ་རེད།
            ཚོགས་ཆེན་རྔམ་བརྗིད་ལྡན་པའི《རྒྱལ་སྤྱིའི་གླུ་གཞས》ཀྱི་སྒྲའི་ཁྲོད་མཇུག་སྒྲིལ་བ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།