ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུའི་ཚོགས་འདུ་གཙོ་སྐྱོང་གནང་བ།

སྤེལ་དུས 2021-12-03 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
འགོ་ཁྲིད་ལས་བྱེད་པས་མིག་དཔེའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་རང་དཔེ་གཞན་སྟོན་དང་སྣེ་ཁྲིད་དཔེ་སྟོན་གྱིས་ལྗོངས་ཡོངས་ཀྱི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་བོད་ལྗོངས་ཀྱི་ལས་དོན་གྱི་རྣམ་པ་གསར་པ་གཏོད་དགོས་པའི་ནན་བཤད་གནང་བ།
          ཟླ་12ཚེས་1ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུའི་ཚོགས་འདུ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཛམ་གླིང་སྨྱན་སྦྱོར་དབུ་ཚོགས་སྐབས་བཞི་པར་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་གལ་ཆེན་དང་། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དབར་གླེང་མོལ་གྱི་འབྲེལ་བ་བཙུགས་ནས་ལོ་30འཁོར་བའི་དྲན་གསོའི་དབུ་ཚོགས་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་གཉིས་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་བ་མ་ཟད། རང་ལྗོངས་ཀྱི་ལག་བསྟར་དོན་འཁྱོལ་བསམ་འཆར་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད། 《ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ལྷན་གྱི་ལས་ཀའི་སྒྲིག་སྲོལ》དང་། 《རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ལྷན་གྱི་བསམ་འཆར》 《སྤྱོད་ཚུལ་སྔར་བས་ལེགས་སུ་བཏང་ནས་དོན་འཁྱོལ་བྱེད་སྒོར་དམ་འཛིན་ནན་པོ་བྱེད་རྒྱུའི་སྐོར་གྱི་བསམ་འཆར》བཅས་ལ་ཞིབ་འཇུག་གནང་བ་མ་ཟད། སྐབས་གསར་པའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུའི་ཚན་ཁག་གི་རང་ངོས་འཛུགས་སྐྱོང་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་བཀོད་སྒྲིག་ཀྱང་གནང་བ་རེད།
          ཝང་ཅུན་ཀྲེང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་གལ་ཆེན་དང་གསུང་བཤད་གལ་ཆེན་ལས། སྤྱི་ཁྱབ་ཧྲུའུ་ཅིས་གནམ་འོག་ལ་ཐུགས་ཁུར་དང་འཛམ་གླིང་ལ་གཟིགས་པའི་རྒྱལ་ཁབ་ཆེན་པོའི་གཙོ་འཛིན་གྱི་བརྩེ་སེམས་དང་རྒྱལ་ཁབ་ཆེན་པོའི་གདེང་ཚོད་མངོན་ཡོད། སྤྱི་ཁྱབ་ཧྲུའུ་ཅིས་ཚན་རྩལ་སྒྲིག་སྲོལ་སྒྱུར་བཅོས་དང་། གློག་ཤུགས་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་གཏོང་བ། ཏང་གིས་སློབ་གསོའི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་རྒྱག་པ། རིག་དངོས་སྲུང་སྐྱོབ་བེད་སྤྱོད་དང་རིག་གནས་ཤུལ་བཞག་སྲུང་སྐྱོབ་རྒྱུན་འཛིན་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་ལས་དོན་ཐད་བླང་བྱ་ཁ་གསལ་བཏོན་ནས། ང་ཚོས་འབྲེལ་ཡོད་ལས་དོན་ཡག་པོ་བསྒྲུབ་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་དྲིལ་བསྒྲགས་དང་སྨྱན་སྦྱོར་འཛུགས་སྐྱོང་ལ་སྔར་བས་དམ་འཛིན་ཡག་པོ་བྱེད་པ་དང་། གོ་རིམ་ལྡན་ལ་དགེ་མཚན་ལྡན་པའི་སྒོ་ནས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ། ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བའི་བླང་བྱ་གསར་པ་ཁོང་དུ་ཆུད་པ་བྱེད་པ། སྤྱི་འདོམས་དང་བརྟག་དཔྱད་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་རང་ལྗོངས་ཀྱི་འབྲེལ་ཡོད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ཀྱི་སྒྱུར་བཅོས་དམ་འཛིན་ཡག་པོ་བྱེད་དགོས།
          ཝང་ཅུན་ཀྲེང་གིས་བསྟན་དོན། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག་འབྱུང་འགྱུར་ལོ་ལྔའི་འབད་འཐབ་དམིགས་ཚད་དང་ལས་འགན་ཁ་གསལ་བཟོས་ཡོད། དམིགས་ཚད་ལས་འགན་བདེ་བླག་ངང་མངོན་འགྱུར་ཐུབ་མིན་གྱི་འགག་རྩ་ནི་ཏང་ཨུད་ཚན་ཁག་གིས་སྣེ་ཁྲིད་དེ་ཆབ་སྲིད་ལ་སྣང་ཆེན་དང་སྒྲིག་ལམ་སྲུང་བ་དང་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ཐུབ་མིན་ལ་ཐུག་ཡོད། རྒྱུན་ཨུའི་བློ་མཐུན་ཚོས་སྣེ་ཁྲིད་དེ་སྤྱོད་ཚུལ་འཛུགས་སྐྱོང་ནས་དམ་འཛིན་དང་། རང་དཔེ་གཞན་སྟོན། སྣེ་ཁྲིད་དཔེ་སྟོན་བཅས་བྱས་ཏེ་བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྣེ་ཁྲིད་པ་ཡག་པོ་ཞིག་བྱེད་དགོས།
          ཏང་ལ་རྦད་དེ་ལྷག་བསམ་རྣམ་དག་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྣེ་ཁྲིད་ནས“སྲུང་སྐྱོང་གཉིས”བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་པར་མིག་དཔེ་འདོན་དགོས། ངེས་པར་དུ“སྲུང་སྐྱོང་གཉིས”ཆབ་སྲིད་ཀྱི་རྩ་དོན་དང་རྩ་བའི་ཆབ་སྲིད་ཀྱི་སྒྲིག་ལམ་མཐོ་ཤོས་ལ་བརྩིས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་ལུགས་ཞིབ་ཕྲའི་བྱ་སྤྱོད་དང་རང་འགན་གཙང་སྒྲུབ་དང་རང་འཁྲིའི་ལས་དོན་ཡག་པོ་སྒྲུབ་པའི་ཕན་འབྲས་དངོས་ནས་མངོན་པར་བྱེད་དགོས། “རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བཅངས་ཏེ། རང་རྟོགས་ངང་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་དང་བསྟུན་ནས་ཞིབ་འཇུག་བསམ་གཞིག་དང་ལས་དོན་འཆར་འགོད་དང་བཀོད་སྒྲིག་བྱས་ནས་ས་ཁོངས་གཅིག་ལ་ཕན་འབྲས་ཐོབ་པ་བྱེད་དགོས་ལ། སྤྱི་ཡོངས་ལ་དེ་བས་ཕན་འབྲས་ཐོབ་པ་བྱེད་དགོས། ཏང་ལ་རྦད་དེ་ལྷག་བསམ་རྣམ་དག་བྱེད་པའི་ཆབ་སྲིད་ཀྱི་གཤིས་རྒྱུད་ལ་རྒྱུན་ཆད་མེད་པར་ཞུན་བརྡར་བྱས་ཏེ་ཏང་དང་མི་དམངས་ལ་ལྷག་བསམ་རྣམ་དག་དང་། ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲིར་ལྷག་བསམ་རྣམ་དག ཏང་གི་རྩ་འཛུགས་ལ་ལྷག་བསམ་རྣམ་དག ཏང་གི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས་བཅས་ལ་ལྷག་བསམ་རྣམ་དག་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩི་བ་དང་གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་ལ་མུ་མཐུད་ཤུགས་སྣོན་རྒྱག་པ། དགོངས་དོན་ནང་གི་མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་། ལྟ་བ། བྱེད་ཐབས་བཅས་ཁོང་དུ་ཧུར་ཐག་ཆུད་པ་བཅས་བྱས་ཏེ་དད་སེམས་ཀྱི་རྨང་གཞི་བརྟན་དུ་གཏོང་བ་དང་། བསམ་པའི་ཀལ་གསབ་པ། བསམ་བློའི་ཁ་ཕྱོགས་བརྟན་པོ་སྲུང་བ་བཅས་བྱེད་དགོས། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་སྲུང་དང་། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་དུ་གཏོང་བ། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ཀྱི་མཚོན་ཆ་བེད་སྤྱོད་ཡག་པོ་བཅས་བྱས་ནས་ཆབ་སྲིད་ཀྱི་རིམས་འགོག་ནུས་པ་ཆེ་རུ་གཏོང་དགོས། ཕུགས་བསམ་དང་དད་སེམས་བརྟན་པོར་བསྲུངས་ཏེ། རང་རྟོགས་ངང་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་བསམ་ལྡན་པའི་བློ་བརྟན་འགྱུར་མེད་ཀྱི་དད་མོས་པ་ཞིག་དང་ལྷག་བསམ་རྣམ་དག་གི་ལག་ལེན་པ་ཞིག་བྱེད་དགོས།
          མང་ཚོགས་ཀྱི་ལམ་ཕྱོགས་མཐའ་འཁྱོངས་བྱས་ཏེ་སྣེ་ཁྲིད་ནས་སྲིད་བརྩོན་དམངས་ཆེད་ཀྱི་མིག་དཔེ་ཞིག་བྱེད་དགོས། རང་རྟོགས་ངང་མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་པ་དང་། ཏང་གི་རྩ་བའི་དམིགས་ཡུལ་ལག་བསྟར། ཐོག་མཐའ་བར་གསུམ་དུ་མི་དམངས་སེམས་ནང་གི་གནས་བབ་མཐོ་ཤོས་སུ་འཇོག་པ། མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ལ་བརྩིས་ནས་དམ་འཛིན་བཅས་བྱས་ཏེ་མི་དམངས་ཀྱི་ཞབས་ཞུ་བ་ཡག་པོ་ཞིག་བྱེད་དགོས། རྒྱལ་སྲིད་ནི་མི་དམངས་དང་མི་དམངས་ནི་རྒྱལ་སྲིད་ཡིན་པ་བློ་ལ་བརྟན་པོར་བཅངས་ནས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ་དང་། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་འགོ་འཛུགས་ས་དང་དོན་ལ་བབས་སར་བྱེད་པ། མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ལ་བརྩིས་ནས་སྒྲུབ་པ། དམངས་འཚོའི་ཁེ་ཕན་མང་ཙམ་དོན་གཉེར་དང་དམངས་འཚོའི་སེམས་ཁྲལ་མང་ཙམ་སེལ་བ་བཅས་བྱས་ཏེ་མང་ཚོགས་ཀྱི་འཚོ་བར་རེ་བ་ཡོད་པ་དང་། མདུན་ལམ་ཡོད་པ། ཕན་པ་ཐོབ་པ་བཅས་བྱེད་དགོས། མི་དམངས་ཀྱི་བྱེད་པོའི་གནས་བབ་མཐའ་འཁྱོངས་བྱས་ཏེ། མང་ཚོགས་ཀྱི་ལངས་ཕྱོགས་དང་ཟུར་ཚད་ནས་གནད་དོན་ལ་བསམ་བློ་གཏོང་བ་དང་། ཇུས་ཐག་གཅོད་པ། དོན་དག་སྒྲུབ་པ་བཅས་བྱེད་མཁས་པོ་བྱས་ཏེ། ཐབས་ཇུས་ཁག་དམངས་ཀྱི་འདོད་བློ་དང་མཐུན་པ་དང་དོན་དངོས་དང་མཐུན་པའི་འགན་ལེན་ཏན་ཏིག་བྱེད་དགོས། དམངས་ལ་བཅངས་པའི་བརྩེ་སེམས་བརྟན་པོར་བསྲུངས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་དོ་ཁུར་བྱ་ཡུལ་ལས་དོན་གྱི་ཤུགས་རྒྱག་སར་བརྩིས་ནས་མང་ཚོགས་ཀྱི་འབོད་སྒྲ་ནན་ཏན་ངང་ཉན་པ་དང་། མང་ཚོགས་ཀྱི་འདོད་བློ་ཇི་མ་ཇི་བཞིན་མཚོན་པ། མང་ཚོགས་ཀྱི་བདེ་སྡུག་ལ་ལྷག་བསམ་ཟོལ་མེད་ངང་སེམས་ཁུར་བཅས་བྱེད་དགོས།
          དམ་པ་དོན་གཉེར་མཐའ་འཁྱོངས་བྱས་ཏེ་སྣེ་ཁྲིད་དེ་འགན་འཁུར་ཕོད་མཁན་གྱི་མིག་དཔེ་ཞིག་བྱེད་དགོས། འགན་འཁྲིའི་འདུ་ཤེས་ལ་ཤུགས་སྣོན་རྒྱག་པ་དང་འགན་འཁུར་ལས་སྒྲུབ་དང་དངོས་སྒྲུབ་རང་ཚུགས་ཀྱིས་རིམ་པ་གཅིག་གིས་རིམ་པ་གཅིག་སྣེ་ཁྲིད་དེ་ལས་དོན་སྒྲུབ་པ་དང་། རིམ་པ་གཅིག་གིས་རིམ་པ་གཅིག་ལ་མིག་དཔེ་འདོན་པ། རང་འགན་གཙང་སྒྲུབ། བློ་གཅིག་སེམས་གཅིག་གིས་སྤྱི་དོན་སྒྲུབ་པ་དང་ལས་བརྩོན་གྱི་ལས་ཀའི་རྣམ་འགྱུར་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བཅས་བྱས་ཏེ། བྱས་པའི་རྗེས་དང་འདྲུད་པའི་ཤུལ་གྱི་ལས་ཀའི་སྤྱོད་ཚུལ་དང་གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ལས་དོན་ཁག་ཡག་པོ་སྒྲུབ་དགོས། སེམས་རྣལ་དུ་ཕབ་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་པ་དང་དཀའ་ངལ་མཐའ་དག་སེལ་ཐུབ་པ་བྱས་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱའི་ཐད། བཀའ་འབྱོར་མ་ཐག་བྱ་སྤྱོད་སྤེལ་བ་དང་ཐོག་ལྟར་དྲག་ལ་རླུང་ལྟར་མྱུར་བ་བྱེད་པ་ལས། ཁྲལ་སེལ་སླ་བཅོས་བྱེད་མི་རུང་། སྤྱི་ཡོངས་ལ་སྤྱི་འདོམས་དང་། བརྒྱུད་རིམ་ལྡན་པའི་ངང་ཇུས་འགོད། ཕྱོགས་ཡོངས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་མཁས་པོ་དང་། བྱེད་ཐབས་གལ་ཆེན་དང་། ལས་དོན་གལ་ཆེན། རྣམ་གྲངས་གལ་ཆེན་བཅས་ལ་དམ་འཛིན་བྱེད་མཁས་པོ། ཁྲིམས་སྐྱོང་གི་བསམ་གཞིག་དང་། ཁྲིམས་སྐྱོང་གི་བྱེད་ཐབས། ཁྲིམས་སྐྱོང་གི་བྱེད་ཐབས་སྤྱོད་པ་བཅས་བྱས་ཏེ་ལས་དོན་ཁག་ལ་ཚད་བརྒལ་གསར་པ་ཡོང་བར་སྐུལ་འདེད་གཏོང་དགོས།
          དམངས་གཙོ་གཅིག་སྡུད་ལམ་ལུགས་མཐའ་འཁྱོངས་བྱས་ཏེ་སྣེ་ཁྲིད་ནས་མཐུན་སྒྲིལ་ལས་སྒྲུབ་ཀྱི་མིག་དཔེ་ཞིག་བྱེད་དགོས། ཏང་གི་བྱ་གཞག་གལ་ཆེར་འཛིན་པ་དང་། རྒྱལ་ཁབ་ཀྱི་སྤྱི་ཡོངས་གལ་ཆེར་འཛིན་པ། མི་དམངས་ཀྱི་ཁེ་ཕན་གལ་ཆེར་འཛིན་པ་བཅས་བྱས་ནས་སྣེ་ཁྲིད་དེ་མཐུན་སྒྲིལ་ལ་ཤུགས་སྣོན་དང་། མཐུན་སྒྲིལ་ལ་སྲུང་སྐྱོང་། མཐུན་སྒྲིལ་ཟབ་ཏུ་གཏོང་བ་བཅས་བྱེད་པ། ལྗོངས་ཏང་ཨུད་ཚན་ཁག་གིས་མཐུན་སྒྲིལ་ལ་བརྟེན་ནས་ལྗོངས་ཡོངས་ཀྱི་གོང་འོག་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་མིག་མངས་འགྲིག་སྐོར་གཅིག་ལྟར་ལས་དོན་ལ་དམ་འཛིན་དང་། བློ་གཅིག་སེམས་གཅིག་ངང་བྱ་གཞག་སྒྲུབ་པ། ངར་ཤུགས་གཅིག་སྒྲིམ་གྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱས་ནས། ཐུན་མོང་ཐོག་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པའི་བྱ་གཞག་རླབས་པོ་ཆེ་ཡག་པོ་སྒྲུབ་དགོས། ཆབ་སྲིད་སྒྲིག་ཁྲིམས་ཀྱི་རྩ་བ་དེ་དམ་པོར་བཟུང་སྟེ་ཡིན་མིན་ཆེན་པོའི་མདུན་དུ་དར་ཆ་གསལ་སྟོན་དང་། ཐབས་ཇུས་དང་བཀོད་སྒྲིག་ཇི་མ་ཇི་བཞིན་དོན་འཁྱོལ། དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་ནན་པོ་བཅས་བྱས་ནས་ཐབས་ཇུས་ཚན་རིག་དང་མཐུན་ཞིང་དམངས་གཙོ་ལྡན་པ་དང་། ལག་བསྟར་བློ་ཐག་ཆོད་ཅིང་ནུས་པ་ལྡན་པ། ལས་སྒྲུབ་ཁྲིམས་མཐུན་ཕན་ཆེ་བཅས་དངོས་འབྲེལ་ཡོང་བར་བྱེད་དགོས། རང་གཤིས་བཟང་བའི་མི་ཞིག་བྱེད་པ་དང་རང་འགན་ཇི་བཞིན་ལས་དོན་བསྒྲུབས་ནས་ཚུལ་ལྡན་གྱི་གོང་འོག་རིམ་པའི་འབྲེལ་བ་དང་། དྭངས་གཙང་གི་བློ་མཐུན་དབར་གྱི་འབྲེལ་བ། ཁ་གསལ་གཏིང་གསལ་གྱི་ལས་ཀའི་འབྲེལ་བ། སྲིད་ཚོང་དབར་གྱི་ཉེ་གཙང་འབྲེལ་བ་གསར་པ་བཅས་འཛུགས་དགོས།
          གཞུང་དྲང་རང་ཚུགས་མཐའ་འཁྱོངས་བྱས་ཏེ་སྣེ་ཁྲིད་ནས་གཞུང་དྲང་སྤྱོད་གཙང་གི་མིག་དཔེ་ཞིག་བྱེད་དགོས། ཀུན་སྤྱོད་ལ་བརྟེན་ནས་རང་གཅུན་གྱིས་ཏང་འཛུགས་སྐྱོང་གི་སྙིང་སྟོབས་དང་། “ལམ་གཉིས”ཀྱི་སྙིང་སྟོབས། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས” ཁུང་ཧྥན་སེན་གྱི་སྙིང་སྟོབས་བཅས་རླབས་པོ་ཆེར་བརྟེན་ཏེ་ཏང་གཤིས་བློ་སྦྱོང་ཟབ་ཏུ་བཏང་ནས་ཏང་ལ་ལྷག་བསམ་རྣམ་དག་བྱེད་པའི་ཀུན་སྤྱོད་ཆེན་པོ་དང་། དམངས་ལ་བདེ་སྐྱིད་སྐྲུན་པའི་སྤྱི་པའི་ཀུན་སྤྱོད། རང་གཅུན་ནན་པའི་ཀུན་སྤྱོད་བཅས་ལ་རྒྱུན་ཆད་མེད་པར་ཞུན་བརྡར་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་གུས་སྐྲག་གི་བསམ་པ་དང་དོགས་ཟོན་གྱི་བསམ་པ་མཐའ་འཁྱོངས་བྱས་ནས་བསམ་བློ་ཀུན་སྤྱོད་ཀྱི་འགོག་སྲུང་འཛིང་རགས་དང་། ཏང་གཤིས་རྩ་དོན་གྱི་མཐའ་ཚད། ཁྲིམས་སྲོལ་སྒྲིག་ལམ་གྱི་དམར་ཐིག་བཅས་མཐའ་གཅིག་ཏུ་བརྟན་པོར་སྲུང་དགོས། ཀུན་སྤྱོད་ལ་བརྟེན་ནས་སྤྱོད་བཟང་སྐྱོང་བ་དང་། དུས་དང་རྣམ་པ་ཀུན་ཏུ་རང་གཅེས་རང་ཟོན་རང་སྐུལ་བཅས་བྱེད་པ། སྣེ་ཁྲིད་དེ་ཁྲིམས་ལྟར་དབང་ཆ་སྤྱོད་པ། གཟབ་ནན་ངང་དབང་ཆ་སྤྱོད་པ། དྲང་གཞག་ངང་དབང་ཆ་སྤྱོད་པ་བཅས་བྱས་ཏེ་གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་རང་གཤིས་ནམ་ཡང་གནས་པར་བྱེད་དགོས།
          ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་བྱས་ཏེ་སྣེ་ཁྲིད་ནས་ཏང་ལ་དོ་དམ་དང་ཏང་སྐྱོང་གི་མིག་དཔེ་ཞིག་བྱེད་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པ་དང་། ཆབ་སྲིད་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་པ། རྩ་བའི་དགོངས་གཞི་ནན་པོ་ཡུན་རིང་མཐའ་འཁྱོངས་བྱེད་པ། ཆབ་སྲིད་ཀྱི་ལྟ་སྐུལ་ལས་འགན་ཨང་དང་པོར་དམིགས་པ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་བྱེད་པའི་ལྟ་སྐུལ་ཞིབ་བཤེར་དང་འགན་འཁྲི་བདའ་འདེད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་གཏོང་དགོས། ཏང་གིས་ལས་བྱེད་པར་དོ་དམ་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱས་ཏེ་ཆབ་སྲིད་ཀྱི་ཚད་གཞི་ཨང་དང་པོར་འཇོག་པ་དང་། ཡང་དག་པའི་མི་སྤྱོད་སྟོན་ཕྱོགས་འཛུགས་པ། དོ་དམ་ནན་པོ་དང་གཅེས་སྐྱོང་ཟབ་མོ་གཅིག་གྱུར་ནུས་ལྡན་བྱེད་པ། འཇོན་ཐང་ལ་བརྟེན་ནས་ལས་བྱེད་པ་སྤྱོད་པ་དང་གྲུབ་འབྲས་དངོས་ལ་བརྟེན་ནས་བྱས་རྗེས་གླེང་བ། དར་ཆ་གསལ་སྟོན་གྱིས་དོན་དངོས་སྒྲུབ་མཁན་ལ་གཟེངས་བསྟོད་དང་། སྒྱུར་བཅོས་ཧུར་ཐག་བྱེད་མཁན་ལ་རྒྱབ་སྐྱོར། འཚོལ་ཞིབ་བྱེད་ཕོད་མཁན་ལ་སྐུལ་ལྕག སྲིད་སྐྱོང་ཐད་སྒྱིད་ལུག་བྱེད་མཁན་ཕྱིར་འབུད། ཁྲིམས་འགལ་སྒྲིག་འགལ་ལ་ཆད་པ་གཅོད་པ་བཅས་བྱས་ཏེ། དཀའ་སྤྱད་ལས་སྒྲུབ་མཁན་ལ་གཟིགས་བཟོས་དང་། བྱས་རྗེས་འཇོག་མཁན་ལ་མཐོང་ཆེན། འཇོན་ཐང་ལྡན་མཁན་བཀོལ་སྤྱོད། ཕུལ་བྱུང་བ་སྔོན་ལ་སྤྱོད་པ་བཅས་དངོས་འབྲེལ་ཐུབ་པ་བྱེད་དགོས། རྒྱུན་སྲིང་ལྷོད་མེད་ངང“སྤྱོད་ཚུལ་བཞི”ཡོ་བསྲང་བྱེད་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དང་ལྗོངས་ཏང་ཨུད་ཀྱི་ལག་བསྟར་བྱ་ཐབས་དོན་འཁྱོལ་ནན་པོ་བྱེད་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཏན་འགོག་བྱེད་པ། གཞི་རིམ་དུ་བརྟག་དཔྱད་ཞིབ་འཇུག་བྱེད་པ། ཡིག་ཆ་འདོན་སྐབས་མཛུབ་ཁྲིད་རང་བཞིན་ལྡན་པ་བཅས་བྱས་ནས་ལས་དོན་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་དགོས་ལ། གཞི་རིམ་གྱི་ཁུར་པོའང་ཡང་དུ་གཏོང་དགོས། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་དམིགས་བསལ་རང་བཞིན་གང་ཡང་མེད་པའི་བསམ་བློ་བརྟན་པོར་བཙུགས་ཏེ་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་འཛུགས་སྐྱོང་ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་བ་དང་། སྣེ་ཁྲིད་ནས་ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་འཛུགས་སྐྱོང་བྱེད་མཁན་དང་། སྐུལ་འདེད་གཏོང་མཁན། སྲུང་སྐྱོང་བྱེད་མཁན་བཅས་ཡག་པོ་ཞིག་བྱས་ནས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་འགོ་ཁྲིད་ལས་བྱེད་པ་ཞིག་ཏུ་དངོས་འབྲེལ་འགྱུར་བ་བྱེད་དགོས།
          ཚོགས་འདུའི་ཐོག་ད་དུང་དོན་གནད་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།