ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

དགུན་དུས་ཨོ་རྩལ་འགྲན་ཚོགས་སྐབས་24པ་གཟབ་རྒྱས་ངང་འགོ་ཚུགས་པ།

སྤེལ་དུས 2022-02-06 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།

           2022ལོའི་ཟླ་2ཚེས་4ཉིན་གྱི་དགོང་མོར། སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་པེ་ཅིང་དགུན་དུས་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་སྐབས་ཉེར་བཞི་པའི་འགོ་ཚུགས་མཛད་སྒོ་རྒྱལ་ཁབ་ལུས་རྩལ་ཐང་དུ་གཟབ་རྒྱས་ངང་འཚོགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ། སྐབས་འདིའི་དགུན་དུས་ཨོ་རྩལ་འགྲན་ཚོགས་འགོ་ཚུགས་པའི་ཁྱབ་བསྒྲགས་ཀྱང་གནང་བ་རེད།

           འགོ་ཚུགས་མཛད་སྒོ་དངོས་སུ་འགོ་མ་ཚུགས་གོང་། རྒྱལ་ཁབ་ལུས་རྩལ་ཐང་གི་རྣམ་པ་འཁྲུག་ཆ་དོད་ཅིང་། སྤྲོ་སྣང་ལྡན་པའི་རོལ་དབྱངས་དང་མཉམ་དུ་པེ་ཅིང་དང་ཧོ་པེ་གཉིས་ནས་ཡོང་བའི་མང་ཚོགས་ཀྱིས་ཚོགས་རར་ཡོང་སྟེ། བབ་ཆགས་ལ་འཁྲུག་ཆ་དོད་པའི་ཐང་ཆེན་ཞབས་བྲོ་འཁྲབ་ནས། ཕྱོགས་བཞི་མཚམས་བརྒྱད་ནས་ཕེབས་པའི་སྐུ་མགྲོན་དང་གྲོགས་པོ་འཛུམ་གྱིས་བསུས་ཤིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སིས་བརྙན་ལམ་ནས་ཤིས་ཚིག་གསུངས་པ་རེད། 

           ཆུ་ཚོད་20དང་སྐར་མ་17ལ་ལུས་རྩལ་པ་ཚོགས་རར་འཛུལ་འགོ་ཚུགས། གངས་འཁྱགས་ལ་བརྐོས་པའི“ཀྲུང་གོའི་སྒོ་མོ”ཕྱེ་བས། ཨོ་ལིམ་ཕིག་ལུས་རྩལ་དར་ས་ནས་ཡོང་བའི་ཀེ་རི་སེའི་འཐུས་མི་ཚོགས་པ་དང་ཐོག་ཚོགས་རར་འཛུལ་བ་དང་། སྐབས་རྗེས་མའི་དགུན་དུས་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་གཉེར་ས་དབྱི་ཐ་ལིའི་འཐུས་མི་ཚོགས་པ་དང་། སྐབས་འདིའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་མགྲོན་བདག་ཀྲུང་གོའི་འཐུས་མི་ཚོགས་པ་མཇུག་ཤོས་སུ་ལུས་རྩལ་ཐང་དུ་འཛུལ། རྒྱལ་ཁབ་དང་ས་ཁུལ་གཞན་དག་གི་འཐུས་མི་ཚོགས་པ་རྒྱ་ཡིག་གི་པིར་རིས་མང་ཉུང་གི་གོ་རིམ་ལྟར་སྔ་རྗེས་སུ་ཚོགས་རར་འཛུལ། སྐབས་འདིའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་རྒྱལ་ཁབ་དང་ས་ཁུལ་91གི་འཐུས་མི་ཚོགས་པ་ཞུགས་ཡོད་ཅིང་། མ་འོངས་ཉིན་16ནང་ལུས་རྩལ་པ་3000ཙམ་གྱིས་ཨ་ལོང་ལྔ་སྦྲེལ་གྱི་དར་ཆའི་འོག་མཉམ་དུ་འགྲན་བསྡུར་བྱ་རྒྱུ་རེད།

           དེ་རྗེས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་ཀྲུའུ་ཞི་ཚའེ་ཆི་ཡིས་ཤིས་ཚིག་གསུངས་ཤིང་། ཁོང་གིས་ཀྲུང་གོའི་ལུགས་རྙིང་ལོའི་སྟག་ལོའི་དཔྱིད་གསར་དུས་ཆེན་སྐབས་སུ་འཛམ་གླིང་ས་གནས་ཁག་ནས་ཡོང་བའི་ལུས་རྩལ་པ་དང་། རྩལ་ཁྲིད་པ། སྐུ་མགྲོན་བཅས་པེ་ཅིང་དུ་མཉམ་འཛོམས་ཀྱིས་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འདུ་ཚོགས་གཟབ་རྒྱས་ལ་མཉམ་རོལ་བྱས་ཏེ། པེ་ཅིང་འདི་ཉིད་གོ་ལ་ཧྲིལ་པོའི“ཨོ་རྩལ་འགྲན་ཚོགས་ཐེངས་གཉིས་གཉེར་མྱོང་བའི་གྲོང་ཁྱེར”དང་པོ་དེར་གྱུར་པའི་དཔང་པོ་བྱས་པ་དང་། ཀྲུང་གོས་ཨོ་ལིམ་ཕིག་ལུས་རྩལ་ལ་ངོ་མཚར་ཆེ་བའི་གཏམ་རྒྱུད་གསར་པ་མུ་མཐུད་རྩོམ་པའི་དཔང་པོ་བྱས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་སྐུ་ངོ་མས་སྐུལ་འདེད་བཏང་གནང་བ་དང་ཀྲུང་གོ་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ང་ཚོས་ལྗང་མདོག་དང་། མཉམ་སྤྱོད། སྒོ་དབྱེ། སྤྱོད་གཙང་བཅས་ཀྱི་ཨོ་རྩལ་འགྲན་ཚོགས་གཉེར་བའི་འདུ་ཤེས་ལག་ལེན་བསྟར་བ། རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་སོགས་དང་མཉམ་ལས་ཀྱིས་རིམས་ནད་ཀྱི་ཤུགས་རྐྱེན་ཁྱད་བསད་བྱས་ནས། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དུས་བཀག་ལྟར་འགོ་ཚུགས་ནས། འཛམ་གླིང་ཡོངས་ལ་མིའི་རིགས་ཀྱིས་དཀའ་ངལ་ཆེན་པོའི་ཁྲོད་འགྲན་སློང་ལས་རྣམ་པར་རྒྱལ་བའི་བློ་བརྟན་འགྱུར་མེད་ཀྱི་ཉམས་འགྱུར་ཞིག་མངོན་ཡོད། ང་ཚོས་ལག་གདང་སྦྲེལ་ནས་མཉམ་དུ་འབྱུང་འགྱུར་ཕྱོགས་སུ་བསྐྱོད་དེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་ལེའུ་གསར་རྐྱང་ཞིག་རྩོམ་དགོས་ཞེས་གསུངས་པ་རེད།

           རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པཱ་ཧོས་ཤིས་ཚིག་གསུངས་ཤིང་། ཁོང་གིས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་དང་། ཀྲུང་གོ་སྲིད་གཞུང་གི་ཚན་པ་ཁག ཀྲུང་གོའི་མི་དམངས་ཡོངས་བཅས་ལ་ཐུགས་རྗེ་ཆེ་ཞུས་པ་རེད། པཱ་ཧོས་དགུན་དུས་ལུས་རྩལ་ཐད་ཀྲུང་གོར་ཐོབ་པའི་ཐུན་མོང་མ་ཡིན་པའི་གྲུབ་འབྲས་ལས་གོ་ལ་ཧྲིལ་པོའི་དགུན་དུས་ལུས་རྩལ་གྱི་དུས་རབས་གསར་པ་གཏོད་འགོ་ཚུགས་ཏེ། གོ་ལ་ཧྲིལ་པོའི་དགུན་དུས་ལུས་རྩལ་ནང་ཞུགས་ཚད་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་དང་། ཀྲུང་གོ་མི་དམངས་དང་གོ་ལ་ཧྲིལ་པོའི་ས་གནས་ཁག་གི་དགུན་དུས་ལུས་རྩལ་ལ་དགའ་པོ་བྱེད་མཁན་ཚོར་དེའི་ཁྲོད་ནས་ཕན་པ་ཐོབ་རྒྱུ་རེད་ཅེས་བརྗོད་པ་རེད།

           ཆུ་ཚོད་21དང་སྐར་མ་51ཐོག འགོ་ཚུགས་མཛད་སྒོའི་མི་སེམས་འགུལ་བའི་དུས་མཚམས་བསུས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དགུན་དུས་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་སྐབས་ཉེར་བཞི་པ་འགོ་ཚུགས་པ་ཁྱབ་བསྒྲགས་གནང་བ་རེད། དེ་མ་ཐག་ཚོགས་ར་ཡོངས་སུ་དགའ་སྤྲོའི་ཚ་རླབས་འཕྱུར་བ་དང་། བཀྲག་མདངས་འཚེར་བའི་ཤོག་སྦག་ཚོན་ཁྲ་ཅན་སྤར་ཞིང་། མཁའ་དབྱིངས་སུ“མགྲོན་བསུའི་ཐང་ཤིང”གི་བཟོ་ལྟ་མངོན་ནས་འཛམ་གླིང་ཡོངས་ཀྱི་སྐུ་མགྲོན་ལ་དགའ་བསུ་ཞུ་ལུགས་མཚོན་པར་བྱས།

           ཆུ་ཚོད་22དང་སྐར་མ་10ཙམ་ལ་ཨོ་ལིམ་ཕི་ཡ་ནས་བླངས་པའི་ཨོ་རྩལ་འགྲན་ཚོགས་ཀྱི་མེ་སོན་རྒྱལ་ཁབ་ལུས་རྩལ་ཐང་དུ་འབྱོར། སྐབས་འདིའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་ཟླ་2ཚེས་2ནས་ཚེས་4ཉིན་བར་པེ་ཅིང་དང་། ཡན་ཆིང་། ཀྲང་ཅ་ཁའུ་བཅས་འགྲན་ཁུལ་གསུམ་དུ་བརྒྱུད་སྤྲོད་བྱས་པ་རེད། ཨོ་ལིམ་ཕིག་ནགས་ཚལ་སྤྱི་གླིང་དང་། དབྱི་ཧོ་ཡོན། པ་ཏ་གླིང་ལྕགས་རི་རིང་པོ། མིས་བཟོས་གཙང་པོ་ཆེན་པོའི་ནགས་ཚལ་སྤྱི་གླིང་སོགས་སུ་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་དེ་གནའ་དུས་དང་དེང་རབས་བརྒྱུད་པ་དང་། ལོ་རྒྱུས་དང་འབྱུང་འགྱུར་འབྲེལ་ནས་འཛམ་གླིང་ལ་ཕུན་སུམ་ཚོགས་ལ་གསར་གཏོད་ཀྱི་གསོན་ཤུགས་རྒྱས་པའི་ཀྲུང་ཧྭའི་ཤེས་དཔལ་མངོན་པར་བྱས།

           འདི་ནི་ཀྲུང་གོའི་མི་དམངས་དུང་ཕྱུར་14ལྷག་ཙམ་གྱིས་ནམ་ཡང་བརྗེད་པར་དཀའ་བའི་དུས་སྐབས་ཤིག་དང་། འདི་ནི་དགུན་དུས་ཨོ་ལིམ་ཕིག་ལུས་རྩལ་གྱི་འོད་སྟོང་འཕྲོ་བའི་སྐད་ཅིག་མ་གཞན་ཞིག་རེད། ལོ་དྲུག་ལྷག་ཙམ་གྲ་སྒྲིག་ཨང་བསར་བྱས་པ་བརྒྱུད། ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ངན་པ་ཁྱད་བསད་བྱས་ནས། ཀྲུང་གོའི་མི་དམངས་ཀྱིས་ལས་བརྩོན་དང་། ཞུམ་མེད། བློ་གྲོས་བཅས་ལ་བརྟེན་ནས་འཛམ་གླིང་ལ་སྟབས་བདེ་དང་། བདེ་འཇགས། ངོ་མཚར་ཆེ་བ་བཅས་ཀྱི་ཨོ་རྩལ་འགྲན་ཚོགས་གཟབ་རྒྱས་ཤིག་བཤམས་རྒྱུ་རེད།

རྩོམ་སྒྲིག་པ། བདེ་སྒྲོན།