ཝང་དབྱང་གིས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་རྟོག་ཞིབ་གནང་བ།
སྤེལ་དུས 2022-05-27
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
རྩོམ་པ་པོ།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཉེ་དུས་ཀན་སུའུ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་རྟོག་ཞིབ་གནང་བ་རེད། ཁོང་གིས། ཀྲུང་དབྱང་གི་མི་རིགས་ལས་དོན་གྲོས་ཚོགས་དང་། རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་གྲོས་ཚོགས། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་བཅས་ཀྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། ལག་བསྟར་དོན་འཁྱོལ་བྱེད་པ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་འཐབ་ཇུས་ཁྱོན་ཡོངས་ནས་ལག་ལེན་བསྟར་བ། ཆབ་སྲིད་ཀྱི་གནས་ཚད་མཐོ་རུ་གཏོང་བ། སྔོན་མཐོང་སྲིད་ཇུས་མང་ཙམ་བཟོ་བ། རྩ་བ་བརྟན་གཏོང་གི་བྱ་ཐབས་མང་ཙམ་བཟུང་བ་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ཡོང་བར་འགན་ལེན་བྱེད་པ་དང་། མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་འཆམ་མཐུན་ཡོང་བར་འགན་ལེན་བྱེད་པ། དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྡུད་ཡོང་བར་འགན་ལེན་བྱེད་པ་བཅས་ཀྱིས་བྱ་སྤྱོད་ངོ་མའི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་ཞེས་ནན་སྟོན་གནང་ཡོད།
སྤྱི་ཚེས་23ནས་25ཉིན་བར། ཝང་དབྱང་གིས་ཀན་ལྷོའི་གྲོང་གསེབ་དང་། འབྲོག་ཁུལ། སློབ་གྲྭ། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་བཅས་སུ་ཟབ་ཞུགས་གནང་ནས། མི་རིགས་ཁག་གི་མང་ཚོགས་དང་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་སྤེལ་རེས་གཏིང་ཟབ་གནང་བ་དང་། བོད་འབྲེལ་ཀྲོའུ་དང་རྫོང་ཁག་གི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་དང་མི་རིགས་ཆོས་ལུགས་ལས་དོན་སོགས་ཀྱི་གནས་ཚུལ་ཐད་མཁྱེན་རྟོགས་གནང་བ་མ་ཟད། བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་སྟེ། འབྲེལ་ཡོད་ཕྱོགས་ཁག་ནས་བཏོན་པའི་གྲོས་འགོ་དང་བསམ་འཆར་ལ་གསན་འཇོག་གནང་བ་རེད། ཁོང་གིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་དབུ་ཁྲིད་འོག མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པ་བརྒྱུད་ཀན་སུའུ་ཡི་བོད་འབྲེལ་ཀྲོའུ་དང་རྫོང་ཁག་གི་བྱ་གཞག་ཁག་ཕྱོགས་ཡོངས་ནས་གོང་འཕེལ་བྱུང་བ་དང་། སྤྱི་ཚོགས་བརྟན་ལྷིང་གི་གནས་བབ་ཧྲིལ་པོ་རྒྱུན་མཐུད་ལེགས་པར་ཕྱོགས་པ། ཤང་གྲོང་གི་རྣམ་པ་གསར་རྐྱང་དུ་གྱུར་བ། འབྱུང་ཁམས་བདེ་འཇགས་ཀྱི་སྲུང་ར་ཉིན་བཞིན་བརྟན་དུ་སོང་བ། དབུལ་གྲོལ་འགག་གཏོར་གྱི་དམིགས་ཚད་ལས་འགན་ཁག་སྤུས་ཚད་མཐོ་པོའི་སྒོ་ནས་ལེགས་གྲུབ་བྱུང་བ་བཅས་ཀྱིས་རྒྱལ་ཡོངས་དང་ལྷན་དུ་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཚར་བ་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་། སྐྱིད་ཚོར། བདེ་ཚོར་བཅས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད་ཅེས་བསྟན་འདུག
ཝང་དབྱང་གིས། བོད་འབྲེལ་གྱི་ལས་དོན་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན་པས། མདུན་སྐྱོད་ཀྱི་ལམ་བུའི་ཐོག་འཕྲད་པའི་འགལ་ཟླ་དང་འགྲན་རྩོད་ལ་སྣང་ཆུང་བྱེད་མི་རུང་བ་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བར་མི་རིགས་ཁག་གི་མང་ཚོགས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་འགན་ལེན་བྱེད་པའི་ཟངས་གྱང་ལྕགས་རྩིག་ལ་དམ་པོར་བརྟེན་དགོས། ཀྲུང་ཧྭ་མི་རིགས་ཐུན་མོང་མ་ལག་གི་འདུ་ཤེས་བརྟན་དུ་གཏོང་རྒྱུ་གཙོ་ཐིག་ཏུ་བཟུང་སྟེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་མ་ལག་གི་ལོ་རྒྱུས་ཞིབ་འཇུག་དང་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་བ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དྲིལ་བསྒྲགས་དང་ཁྱབ་གདལ་གཏོང་བ། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སློབ་སྦྱོང་དང་གང་དེ་བཀོལ་སྤྱོད་བྱེད་པར་བརྩི་འཇོག་དང་འགན་ལེན་བྱེད་པ། མི་རིགས་ཁག་གི་རིག་གནས་རྒྱུད་འཛིན་སྲུང་སྐྱོབ་དང་གསར་གཏོད་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ། མི་རིགས་ཁག་གིས་མཐོང་རྒྱུ་ཡོད་པ་དང་། ཚོར་རྒྱུ་ཡོད་པ། ཕན་ནུས་ལྡན་པ་བཅས་ཀྱི་སྒོ་ནས་རྒྱ་ཁྱབ་ངང་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པར་སྐུལ་འདེད་གཏོང་དགོས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། བོད་བརྒྱུད་ནང་བསྟན་དགོན་སྡེར་དོ་དམ་བྱེད་པའི་ཕུགས་ཕན་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་བ། ཏང་སྲིད་ལས་བྱེད་པ་དང་། ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣ། ཆོས་ལུགས་རིགས་པའི་ཞིབ་འཇུག་བཅས་དཔུང་ཁག་གསུམ་གྱི་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། བོད་བརྒྱུད་ནང་བསྟན་དེ་བས་ལེགས་པའི་སྒོ་ནས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་བྱེད་དགོས། དམངས་འཚོར་དམ་པོར་གཞིགས་ཏེ་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་། དབུལ་གྲོལ་འགག་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་དུ་གཏོང་བ། གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱེད་པ། ཐོན་ཁུངས་ལ་གཞི་རྐང་ཚུགས་ནས་ཁྱད་ལྡན་བཟང་ཆའི་ཐོན་ལས་གསོ་སྤེལ་ཧུར་ཐག་བྱེད་པ། མི་རིགས་ས་ཁུལ་དེང་རབས་ཅན་དང་ཐུན་མོང་ཕྱུག་འགྱུར་ཡོང་བ་བྱེད་པའི་ལམ་བུ་གསར་པ་འཚོལ་ཞིབ་བཅས་བྱེད་དགོས། སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་། འབྱུང་ཁམས་སྔོན་ལ་འཇོག་པ་དང་སྲུང་སྐྱོབ་ཨང་དང་པོར་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ས་མཐོའི་རྩྭ་རྩི་ཤིང་དང་རི་ཆུ་ཀླུང་ཐང་བཅས་པར་སྲུང་སྐྱོབ་ཡག་པོ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།

ཝང་དབྱང་ནས་ད་དུང་ཀླུ་ཆུ་རྫོང་གི་སྲིད་གྲོས་ལས་ཁུངས་སུ་རྟོག་ཞིབ་གནང་བར་ཕེབས་པ་དང་། དུས་རབས་གསར་པའི་གྲོང་ཁྱེར་དང་རྫོང་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་འབྲེལ་ཡོད་གནས་ཚུལ་མཁྱེན་རྟོགས་གནང་བ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།