ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་ནས་གྲཊ་པའི་གཏམ་བཟང་།

སྤེལ་དུས 2022-06-24 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
     སྤྱི་ལོ་2021ལོའི་ཟླ་11པར། བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་འགོ་འཛིན་གཞོན་པ། བོད་རང་སྐྱོང་ལྗོངས་སྙིང་ནད་ལྟེ་གནས་ཀྱི་ཀྲུའུ་རེན་སྐལ་བཟང་ནོར་བུ་དང་། སྨན་ཁང་དེའི་སྙིང་དང་བྲང་ཁོག་ཕྱི་བཅོས་ཚན་ཁག་གི་ཀྲུའུ་རེན་གཞོན་པ་དང་པོ་སྟེ། པེ་ཅིང་ཧྥུ་ཝེ་སྨན་ཁང་ནས་བོད་སྐྱོར་ལ་ཕེབས་པའི་རིགས་གཅིག་མཁས་པ་ལུས་ཅན་ཧྭ་རྣམ་གཉིས་ནས་སྣེ་ཁྲིད་མཛད་ཏེ་བར་འཇུག་ནད་བརྟག་སྨན་བཅོས་ཚོགས་པ་བཙུགས་ནས། ལྷན་སྐྱེས་སྙིང་ནད་ཕོག་པའི་ནད་པར་བར་འཇུག་ནད་བརྟག་སྨན་བཅོས་བྱེད་པའི་ལས་དོན་སྤེལ་གནང་བ་དང་། ལྷན་སྐྱེས་སྙིང་ནད་ཕོག་པའི་ནད་པ་29ལ་བར་འཇུག་གཤགས་བཅོས་བྱས་པ་ཡིད་བཞིན་ལེགས་གྲུབ་བྱུང་ཡོད་པ་རེད། དེ་ནས་སྤྱི་ལོ་2021ལོའི་ཟླ་བ་12པར་སྨན་ཁང་དེས་ད་དུང་ཕྲུ་གུ་དམར་འབྱར་ནས་ལོ་18བར་གྱི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་4ལ་བར་འཇུག་གཤགས་བཅོས་ལེགས་པར་བྱས་ཡོད་པ་རེད།

     འོ་ན་ལྷན་སྐྱེས་སྙིང་ནད་ཀྱི་བར་འཇུག་བཀག་སྡོམ་ལག་རྩལ་ཞེས་པ་དེ་གང་འདྲ་ཞིག་ལ་ཟེར་གྱི་ཡོད་དམ་ཞེ་ན། གང་དེ་ད་ཆ་ལྷན་སྐྱེས་སྙིང་ནད་ལ་སྨན་བཅོས་བྱེད་སྐབས་ཐོག་མར་འདེམས་པ་དང་རྒྱུན་དུ་སྤྱོད་པའི་སྨན་བཅོས་བྱ་ཐབས་ཤིག་རེད། གཤགས་བཅོས་བྱེད་སྐབས་ལུས་པོ་ཡོངས་སྦྲིད་ཀྱི་སྦྲིད་སྨན་རྒྱག་མི་དགོས་པ་དང་། ནད་པ་དང་སྨན་པས་ཕན་ཚུན་ཁ་བརྡ་བྱེད་པའི་བརྒྱུད་རིམ་ནང་གཤགས་བཅོས་བྱས་ཚར་གྱི་ཡོད། ད་དུང་གཤགས་བཅོས་བྱས་རྗེས་བརླ་ཤའི་ཐོག་རྨ་ཁ་ཁབ་མིག་ཙམ་ལས་ལུས་ཀྱི་མེད་པས། མཛེས་ཆོས་ཐད་གཏན་ནས་གནོད་ཀྱི་མེད། ནད་པ་རྣམས་གཤགས་བཅོས་བྱས་རྗེས་ཀྱི་ཉི་མ་དང་པོ་དེ་རང་ལ་ནད་ཁྲི་ལས་བབ་སྟེ། ཕར་འགྲོ་ཚུར་འོང་བྱས་ཆོག་པ་དང་། ཆ་སྙོམས་བྱས་ན་ཉིན་3ནས་5ཡི་བར་སྨན་ཁང་ནས་ཐོན་ན་འགྲིག་གི་ཡོད། 
     གཞན་ཡང་ལྷན་སྐྱེས་སྙིང་ནད་ཕོག་པའི་ནད་པར་དུས་ཐོག་ཏུ་སྨན་བཅོས་ཡག་པོ་བྱེད་ཐུབ་ཆེད། བོད་རང་སྐྱོང་ལྗོངས་འཕྲོད་བདེ་ཨུ་ལྷན་དང་སྨན་བཅོས་འགན་སྲུང་ཅུད་སོགས་ཀྱིས་རོགས་སྐྱོབ་སྲིད་ཇུས་བཏོན་ནས། རོགས་སྐྱོབ་བྱ་ཡུལ་གྱི་གཤགས་བཅོས་རིན་པ་དེ་ནད་པས་འདོན་མི་དགོས་པར་སྲིད་གཞུང་ནས་འདོན་རྒྱུའི་གཏན་འབེབས་བྱས་པས། དེས་ཀྱང་མང་ཚོགས་ཀྱི་སྨན་བཅོས་ཐད་ཀྱི་དཔལ་འབྱོར་ཁུར་པོ་ཇེ་ཡང་དུ་ཕྱིན་ཡོད།

     བོད་ལྗོངས་སུ་གལ་སྲིད་དེ་ལྟ་བུའི་སྨན་བཅོས་ཀྱི་རོགས་སྐྱོབ་མཁོ་བའི་མི་ཡོད་ཚེ། གཤམ་གྱི་ཁ་པར་ཨང་གྲངས་བརྒྱུད་ནས་འབྲེལ་བ་གནང་ན་འགྲིག་གི་འདུག དེ་ཡང་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་སྙིང་དང་བྲང་ཁོག་ཕྱི་བཅོས་ཚན་ཁག་གི་ཁ་པར་ཨང་གྲངས་ནི་0891-6371821དང་། སྨན་པ་ཝི་ལགས་ཀྱི་ཞལ་པར་ཨང་གྲངས་ནི་13518983512རེད་འདུག
རྩོམ་སྒྲིག་པ། བདེ་སྒྲོན།