ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཝང་ཅུན་ཀྲེང་གིས་རིམས་འགོག་ལས་དོན་ལ་ཞིབ་བཤེར་གནང་སྐབས་གསུངས་དོན…

སྤེལ་དུས 2022-08-11 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
          ཚེས9ཉིན་གྱི་ཕྱི་དྲོ། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས“མི་བྱེད་པ་བཞི་དང་ཐད་སྐྱོད་གཉིས”ཀྱི་བྱེད་ཐབས་ལ་བརྟེན་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་ཞིབ་བཤེར་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ་དང་འཐབ་ས་དང་པོའི་ལས་དོན་མི་སྣར་འཚམས་འདྲི་གནང་ཞིང་། ཁོང་གིས་ནན་བཤད་གནང་དོན། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་བླང་བྱ་ལྟར“རིམས་ནད་ཕྱི་ནས་མི་འགོ་བ་དང་ནང་དུ་བསྐྱར་ལོག་མི་ཡོང་བའི”སྤྱིའི་ཐབས་ཇུས་དང“སྐབས་བསྟུན་གཙང་བཟོའི”སྤྱིའི་མཛད་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་ཞིབ་ཚགས་བྱེད་པ། རང་འགུལ་ངང་ཁྲིད་སྟོན་ཧུར་ཐག་བྱེད་པ། སེམས་རྩ་འཁོལ་པོས་ཞབས་འདེགས་གང་ལེགས་ཞུ་བ། རིམས་ནད་མཆེད་རྒྱུ་མཐའ་གཅིག་ཏུ་བཀག་འགོག་བཅས་བྱས་ནས། སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས།

ཝང་ཅུན་ཀྲེང་གིས་ལྷ་ས་མེ་འཁོར་བབས་ཚུགས་སུ་འགྲུལ་པ་འགྲོ་འོང་དང་། ཉིང་སྐྱུར་བརྟག་དཔྱད། འགྲུལ་པ་ཁ་འགྲེམས་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བཞིན་པ།
          རིམས་ནད་ཐོན་རྗེས། ཝང་ཅུན་ཀྲེང་གིས་ཐོག་མཐའ་བར་གསུམ་དུ་འཚོ་བ་དང་སྨན་བཅོས་མཁོ་ཆས་འགན་ལེན་དང་ཉིང་སྐྱུར་བརྟག་དཔྱད་སོགས་ཀྱི་ལས་དོན་སྤེལ་ཚུལ་ལ་ཐུགས་ཁུར་དང་དོ་ཁུར་གནང་གི་ཡོད་ཅིང་། ལྷ་ས་སྣེའུ་ཞིང་ཟོག་ཁྲོམ་རར་སྔོ་ཚལ་དང་། ཤ སྒོ་ང་། འོ་མ་སོགས་གཞི་རྩའི་འཚོ་བའི་མཁོ་ཆས་དང་། ཙང་ཧྲོའུ་ཐང་སྨན་རྫས་ཚོང་ཁང་ཆེ་མོར་ཁ་རས་སོགས་རིམས་འགོག་དངོས་རྫས་མཁོ་སྤྲོད་འདང་ངེས་ཡོད་ལ། གྲོང་མི་ཚོས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ལ་རང་འགུལ་ངང་བརྩི་སྲུང་ཞུས་ཏེ་གོ་རིམ་ལྡན་པའི་སྒོ་ནས་ཅ་དངོས་ཉོ་བཞིན་ཡོད་པ་གཟིགས་སྐབས། ཁོང་གིས་གསུངས་དོན། དངོས་ཟོག་མཁོ་སྤྲོད་དང་། གྲབས་གསོག བཀོད་གཏོང་བཅས་ལ་སྔར་བས་ཤུགས་སྣོན་དང་། མང་ཚོགས་ལ“ཤ་ཚལ་སྒོང་གསུམ”དང“ཟ་འབྲུ”སོགས་ཀྱི་འཚོ་བའི་མཁོ་ཆས་མཁོ་སྤྲོད་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ནས། ཟོག་ཁུངས་བརྟན་པོ་དང་། ཐབས་ལམ་ཤར་བགྲོད། འགན་ལེན་གནད་འཁེལ། གྲངས་ཚད་འདང་ངེས། རིན་གོང་བརྟན་པོ་བཅས་ཏན་ཏིག་ཡོང་བ་བྱས་ཏེ། མང་ཚོགས་ཀྱི་རྒྱུན་གཏན་འཚོ་བའི་དགོས་མཁོ་སྐོང་དགོས། ཁ་རས་དང་། ཚ་བ་ལྟ་ཆས། དུག་སེལ་གཤེར་ཁུ། ནད་དུག་འགོག་བྱེད་ཀྱི་སྨན་རྫས་སོགས་དགོས་ངེས་ཀྱི་དངོས་ཟོག་ཉོ་སྒྲུབ་དང་གྲབས་གསོག་ལ་ཤུགས་སྣོན་རྒྱག་པ་དང་། དུས་བཀག་ལྟར་རྩིས་ཐོར་ཞིབ་བཤེར་དང་དུས་ཐོག་ཏུ་ཚང་བཤེར་ཆད་གསབ་བྱས་ཏེ། ཐབས་བརྒྱ་ཇུས་སྟོང་གིས་སྨན་བཅོས་མཁོ་ཆས་འདང་ངེས་ཡོང་བའི་འགན་ལེན་བྱེད་དགོས།

ཝང་ཅུན་ཀྲེང་གིས་ཙང་ཧྲོའུ་ཐང་སྨན་རྫས་ཚོང་ཁང་ཆེ་མོར་སྨན་བཅོས་མཁོ་ཆས་འགན་ལེན་གནས་ཚུལ་མཁྱེན་རྟོགས་ནན་ཏན་གནང་བཞིན་པ།
          དེ་རྗེས་ཝང་ཅུན་ཀྲེང་གིས་སྐབས་བསྟུན་ངང་བོད་རང་སྐྱོང་ལྗོངས་མ་བུ་བདེ་སྲུང་སྨན་ཁང་གི་ཉིང་སྐྱུར་བརྟག་དཔྱད་ས་ཚིགས་སུ་ཕེབས་ནས། མང་ཚོགས་ཚོར་རང་ངོས་འགོག་སྲུང་གི་ཤེས་བྱ་དྲིལ་བསྒྲགས་གནང་ཞིང་། ཁོང་གིས་ནན་བཤད་གནང་དོན། ཉིང་སྐྱུར་བརྟག་དཔྱད་བྱེད་རྒྱུ་དེ་ལས་འགན་ཨང་དང་པོར་བརྩིས་ནས། མ་དཔེ་ལེན་དགོས་རིགས་ཚང་མ་ལེན་རྒྱུ་མཐའ་འཁྱོངས་ཀྱིས་མ་དཔེ་ལེན་པ་དང་། སྐྱེལ་བ། བརྟག་དཔྱད། ཁྱབ་བསྒྲགས། སྙན་ཞུ་བཅས་ཀྱི་ལྷུ་ཚིགས་ཁག་སྦྲེལ་མཐུད་ནུས་ལྡན་བྱེད་པ་དང་། བརྟག་དཔྱད་ཀྱི་ནུས་པ་སྔར་བས་ཆེ་རུ་གཏོང་བ། བརྟག་དཔྱད་བྱེད་མཁན་གྱི་མི་སྣ་མང་དུ་གཏོང་བ། བརྟག་དཔྱད་ཀྱི་ལས་ཕྱོད་ཆེ་རུ་གཏོང་བ་བཅས་བྱས་ནས། ཁུག་གསང་སྟོང་གསུམ་མི་ལུས་པ་དང་མི་གཅིག་ཀྱང་མི་ལུས་པ་བྱེད་དགོས། མང་ཚོགས་ལ་དྲིལ་བསྒྲགས་སློབ་གསོ་གཏོང་རྒྱུར་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ། མང་ཚོགས་ཚོས་རང་འགུལ་ངང་ཁ་རས་རྒྱག་པ་དང་། ལག་པ་ཡང་སེ་བཀྲུ་བ། རྒྱུན་དུ་ཁང་པའི་ནང་རླུང་འགྲོ་ཡག་པོ་ཐུབ་པ་སོགས་འཚོ་བའི་གོམས་གཤིས་བཟང་པོ་འཇགས་པར་ཁྲིད་སྟོན་དང་། འདུ་འཛོམས་ཉུང་ཙམ་བྱེད་པ་དང་མཉམ་རུབ་མི་བྱེད་པ། མི་མང་འཛོམ་སའི་རིམས་འགོག་གཏན་འབེབས་ལ་བརྩི་སྲུང་ནན་པོ་ཞུ་བ། རང་ངོས་འགོག་སྲུང་གི་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་གཏོང་བ་བཅས་བྱེད་དགོས།
          བོད་རང་སྐྱོང་ལྗོངས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བཀོད་འདོམས་པུའུ་རུ་ཝང་ཅུན་ཀྲེང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་སྙན་སེང་གསན་པ་དང་ལས་ཀའི་གཙོ་གནད་དང་དཀའ་གནད་ལ་ཞིབ་འཇུག་དང་ཐག་གཅོད་གནང་ཞིང་། ཁོང་གིས་ནན་བཤད་གནང་དོན། མིག་སྔར་བོད་ལྗོངས་ལ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཚོད་བགམ་དྲག་པོ་འཕྲད་བཞིན་ཡོད་པས། སྔོན་འགོག་དང་ཚོད་འཛིན་གྱི་ལས་འགན་ཧ་ཅང་ལྕི་པོ་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཚན་རིག་དང་མཐུན་ལ་གཟབ་ནན་དང་ཏན་ཏིག་ནུས་ལྡན་གྱི་སྒོ་ནས་རིམས་ནད་རིག་པའི་བརྟག་དཔྱད་དང་ཁུངས་བཤེར་ལས་དོན་ཡག་པོ་སྒྲུབ་པ་དང་། ཐོན་ཁུངས་བཀོད་སྒྲིག་ལུགས་མཐུན་དང་ལས་ཀའི་ཇུས་གཞི་ལེགས་སུ་གཏོང་བ། ཕྱོགས་ཡོངས་ནས་གྲལ་བཤེར་དང་ཞན་ཆ་སེལ་བ། མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་ནས་ལས་ཀའི་མཉམ་ཤུགས་ཤིག་ཆགས་པ་བཅས་བྱས་ཏེ། རིམས་ནད་མཆེད་ལམ་མགྱོགས་མྱུར་གཅོད་རྒྱུར་རྨང་གཞི་ཡག་པོ་འདིང་དགོས། གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས། རང་འགུལ་ངང་སྲིད་ཇུས་དྲིལ་བསྒྲགས་དང་གསལ་འགྲེལ་ཡག་པོ་བྱེད་པ་དང་། དབང་གྲགས་ལྡན་པའི་ཆ་འཕྲིན་གནད་འཁེལ་ངང་ཡོངས་བསྒྲགས་བྱས་ཏེ། སྤྱི་ཚོགས་ཀྱི་དོ་ཁུར་ལ་དུས་ཐོག་ཏུ་ལན་འདེབས་དགོས། ལྟ་སྐུལ་དང་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས། རིམ་པ་ཁག་གི་ལས་ཀའི་འགན་འཁྲི་ནན་དུ་གཏོང་བ་དང་། ཏང་སྲིད་འགན་འཁྲི་མཉམ་འཁུར་དང་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་མཐའ་འཁྱོངས། རིམ་པ་བཞིན་འགན་འཁྲི་ལྕི་རུ་གཏོང་བ། ལྟ་སྐུལ་དང་འགན་འཁྲི་བདའ་འདེད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་འགན་མི་ཐོག་ཏུ་འཁྱོལ་བ་དང་། ལས་གནས་སུ་འཁྱོལ་བ། དོན་ཐོག་ཏུ་འཁྱོལ་བ་བཅས་བྱས་ཐོག རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གདོང་ཐུག་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་བླངས་ནས། ལྗོངས་ཡོངས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས།
རྩོམ་སྒྲིག་པ། བདེ་སྒྲོན།