ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བཀྲ་ཤིས་དབང་རྒྱལ་ལཊ་ནས་རིམས་འགོག་ཆེད་སྒོར་ཁྲི310ཞལ་འདེབས་ཕུལ་བ།

སྤེལ་དུས 2022-08-17 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།

     ཉེ་བའི་ལོ་ཤས་རིང་ཀྲུང་གོའི་རྒྱལ་ཡོངས་སུ་ཏོག་གསར་གློ་ཚད་ནད་ཡམས་གྱི་གནོད་འཚེ་ཚབས་ཆེན་ཕོག་ནས་དཀའ་ངལ་ཚད་མེད་འཕྲད་པ་དང་། རྒྱལ་ཡོངས་གོང་འོག་ཚང་མས་ནད་ཡམས་མྱུར་སྒྲོལ་དང་དཀའ་སྡུག་ལས་རྣམ་པར་རྒྱལ་ཆེད་སྟོབས་ཤུགས་གཅིག་སྡུད་དང་མཐུན་སྒྲིལ་རྡོག་རྩ་གཅིག་བསྒྲིལ་གྱིས་ནད་ཡམས་ལ་ཁ་གཏད་གཅོག་བཞིན་པའི་སྐབས་འདིར།   བོད་ལྗོངས་གཞིས་རྩེའི་བདེ་དབང་གཤེར་རླངས་ཚད་ཡོད་འགན་འཁྲི་ཀུང་སིའི་སྦྱིན་བདག་བཀྲ་ཤིས་དབང་རྒྱལ་ལགས་ཀྱིས་བློ་རྒྱ་ཆེ་བའི་དགོངས་བཞེས་དང་གཅེས་སེམས་ལྡན་པའི་སྐུལ་སློང་བཟང་པོས་མི་དམངས་ཤོག་སྒོར་ས་ཡ་གསུམ་༼3000000༽ཞལ་འདེབས་སུ་རྒྱབ་མྱོང་ཡོད་པ་དང་།    ད་ལོའི་སྤྱི་ཟླ་8པའི་ནང་བོད་ལྗོངས་སུ་ཏོག་གསར་གློ་ཚད་ནད་ཡམས་ཐོན་པའི་སྐབས་སུ་ཁོང་གིས་སླར་ཡང་སྒོར་ཁྲི་བཅུ་༼100000༽ཞལ་འདེབས་གནང་ནས་ཐེངས་འདིའི་ཏོག་གསར་གློ་ཚད་ནད་ཡམས་ལས་རྣམ་པར་རྒྱལ་ཐུབ་པའི་ཐུགས་རེ་ཟབ་མོ་མཚོན་པར་གནང་འདུག 

    དེ་སྔོན་སྤྱི་ལོ་2010ཡུལ་ཤུལ་དུ་ཐོན་པའི་ས་ཡོམ་དང་། སྤྱི་ལོ་2011ལོར་གྲོ་མོ་རྫོང་དུ་ཐོན་པའི་ས་ཡོམ། སྤྱི་ལོ་2015ལོར་གཉའ་ལམ་དང་འགྲམ་གྲོང་རྡལ་དུ་ཐོན་པའི་ས་ཡོམ་གནོད་འཚེའི་སྐབས་སུ་ཡང་གཅེས་སེམས་ཀྱི་ཞལ་འདེབས་ཐེངས་མང་འབུལ་མྱོང་ཡོད།
     བཀྲ་ཤིས་དབང་རྒྱལ་ལགས་ནི་བོད་ལྗོངས་གཞིས་རྩེའི་བདེ་དབང་གཤེར་རླངས་ཚད་ཡོད་འགན་འཁྲི་ཀུང་སིའི་ལས་འཛིན་པའི་ལྷན་ཚོགས་ཀྱི་འགོ་འཛིན་དང་སྦྱིན་བདག་རེད།  ཀུང་སི་དེ་ནི་དམངས་གཉེར་ཁེ་ལས་ཞིག་ཡིན་པ་དང་སྤྱི་ལོ་1996ལོར་ཐོག་མར་གསར་འཛུགས་གནང་བ་དང་། སྤྱི་ལོ་2004ལོར་དངོས་སུ་བོད་ལྗོངས་གཞིས་རྩེའི་བདེ་དབང་གཤེར་རླངས་ཚད་ཡོད་འགན་འཁྲི་ཀུང་སི་བཙུགས་པ་ཞིག་རེད།  ཀུང་སིའི་སྤྱི་ཁྱབ་གཞུང་ལས་ཁང་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་ཤར་རྒྱུད་ཡིང་པིང་ལམ་སྒོ་རྟགས་13སུ་གནས་ཡོད་པ་དང་། ཀུང་སི་དེས་སྔ་རྗེས་སུ་རྒྱལ་རྩེ་རྫོང་དང་། གཉའ་ལམ་རྫོང་། ལྷ་རྩེ་རྫོང་། ངམ་རིང་རྫོང་། གྲོ་མོ་རྫོང་། ས་སྐྱ་རྫོང་སོགས་སུ་ཡན་ལག་གཤེར་རླངས་ས་ཚིགས་བཙུགས་ཡོད་པ་དང་། དེ་བཞིན་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སྣེ་གདོང་གྲོང་རྡལ་དུ་གཤེར་རླངས་ས་ཚིགས་བཙུགས་ཡོད། 

      ཀུང་སི་ཐོག་མར་བཙུགས་པ་ནས་ད་བར་ཡིད་རྟོན་གཉེར་སྐྱོང་དང་སྤྱོད་བཟང་རྩ་བར་འཛིན་པའི་འདུ་ཤེས་སྲུང་འཛིན་བྱེད་པ་དང་། རིན་གོང་གསལ་འགོད་དང་ཞབས་ཞུ་གཅིག་གྱུར་གྱི་དམ་བཅའ་ཁས་ལེན་བྱས་ཡོད་ལ། བོད་ལྗོངས་ཀྱི་གནད་འཕིགས་དབུལ་སྐྱོར་དང་ལས་ཞུགས་དབུལ་སྐྱོར་སོགས་ཀྱི་ལས་དོན་ནང་ཧུར་ཐག་ཞུགས་ནས་དབུལ་ཕོངས་མང་ཚོགས་དབུལ་སྒྲོལ་ཡོང་བའི་བརྒྱུད་རིམ་ནང་གཅེས་སེམས་ལྡན་པའི་ལེགས་སྐྱེས་ཕུལ་ཡོད་པས།  བདེ་དབང་གཤེར་རླངས་ཚད་ཡོད་འགན་འཁྲི་ཀུང་སིར་སྔ་རྗེས་སུ་བསམ་གྲུབ་རྩེ་ཁུལ་གྱི་སྔོན་ཐོན་དམངས་གཉེར་ཁེ་ལས་དང་། གཞིས་རྩེ་གྲོང་ཁྱེར་སྔོན་ཐོན་དམངས་གཉེར་ཁེ་ལས།  གཞིས་རྩེ་གྲོང་ཁྱེར་གྱི་དྲང་གཞག་དཔེ་སྟོན་ཁེ་ལས་སོགས་ཀྱི་མཚན་སྙན་ཐོབ་མྱོང་ཡོད་པ་དང་། སྦྱིན་བདག་བཀྲ་ཤིས་དབང་རྒྱལ་ལགས་ལ་གཞིས་རྩེ་གྲོང་ཁྱེར་རིམ་པའི་བདེ་འཇགས་ཐོན་སྐྱེས་སྔོན་ཐོན་མི་སྒེར་དང་།  རང་སྐྱོང་ལྗོངས་རིམ་པའི་སྔོན་ཐོན་གྱི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་འཛུགས་སྐྲུན་པ།  བོད་རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མི་སྣ་སོགས་ཀྱི་མཚན་སྙན་དང་བྱ་དགའ་སོགས་ཐོབ་མྱོང་ཡོད་པ་རེད།    

རྩོམ་སྒྲིག་པ། བདེ་སྒྲོན།