ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པ་7000ཙམ་གྱིས་བོད་ཀྱི་འཕེལ་རྒྱས་ལ་རམ་འདེགས་ཤུགས་ཆེན་བྱས་པ།

སྤེལ་དུས 2022-08-19 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།

     ཉེ་ཆར་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་དང་། ཀྲུང་དབྱང་ཁེ་ལས། ཞིང་ཆེན་དང་གྲོང་ཁྱེར་17བཅས་ནས་ཡོང་བའི་ཁག་བཅུ་པའི་བོད་སྐྱོར་ལས་བྱེད་པ་2114བོད་དུ་ཡོང་ནས་དུས་ཡུན་ལོ་གསུམ་གྱི་བོད་སྐྱོར་ལས་དོན་སྤེལ་འགོ་ཚུགས་པ་རེད། གསར་འགོད་པས་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཁ་གཏད་རོགས་སྐྱོར་གྱི་ལས་འགན་འཁུར་མཁན་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་དང་། འབྲེལ་ཡོད་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་བཅས་ཀྱིས་སྔ་རྗེས་སུ་ལས་བྱེད་པ་དང་ཤེས་ལྡན་མི་སྣ་7000ཙམ་བོད་ཀྱི་ལས་དོན་ལ་རོགས་སྐྱོར་བྱེད་པར་བཏང་བ་དང་། བོད་སྐྱོར་ལ་མུ་མཐུད་ཤུགས་སྣོན་བརྒྱབ་པ། ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལ་སྐུལ་མ་གཏིང་ཟབ་བཏང་བ། ཐོན་ལས་བོད་སྐྱོར་ལ་ཤུགས་སྣོན་རྒྱབ་པ་བཅས་རིགས་ཁག་གི་ལས་དོན་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད་པ་རེད། 
     གཅིག་ནས་བོད་སྐྱོར་གྱི་གཏོང་ཆ་གཏོང་ཤུགས་མུ་མཐུད་ཆེ་རུ་བཏང་ཡོད་པ་སྟེ། སྤྱི་ལོ་2021ལོར་རྒྱལ་ཡོངས་ཀྱི་ཁ་གཏད་བོད་སྐྱོར་རྣམ་གྲངས་ཁྱོན་807ལག་བསྟར་བྱས་པར་མ་དངུལ་སྒོར་དུང་ཕྱུར་402བཏང་ཡོད་པ་དང་། ཉེ་བའི་ལོ་10ཡི་རིང་བོད་སྐྱོར་རྣམ་གྲངས་ལས་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར་171ལྷག་ཙམ་བཏང་ནས་བོད་སྐྱོར་དབུལ་སྐྱོར་རྣམ་གྲངས་2311ལག་བསྟར་བྱས་པ། ནང་སའི་རྫོང་དང་ཆུས་284དང་བོད་ལྗོངས་ཀྱི་རྫོང་དང་ཆུས་དང་། ཤང་དང་གྲོང་རྡལ་332དབར་ཆ་སྒྲིག་རོགས་སྐྱོར་གྱི་འབྲེལ་བ་འཛུགས་རྒྱུར་སྐུལ་འདེད་བཏང་བ་བཅས་ཀྱིས་མང་ཚོགས་ཁྲི་23ལྷག་ཙམ་དབུལ་སྒྲོལ་ཐུབ་རྒྱུར་རོགས་རམ་བྱས་པ་དང་། བོད་ཀྱི་དམངས་འཚོ་ལེགས་གཏོང་དང་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ཐད་ཁྱོན་ཡོངས་ནས་རོགས་རམ་བྱས་ཡོད། 
     བོད་ལྗོངས་ཀྱི་སྤྱི་ཚོགས་ཁྱོན་ཡོངས་སྔར་བས་བརྟན་ལྷིང་བྱུང་བ་དང་། དཔལ་འབྱོར་རིག་གནས་སྔར་བས་དར་རྒྱས་སོང་བ། སྣོད་བཅུད་ཁོར་ཡུག་སྔར་བས་ལེགས་སུ་ཕྱིན་པ། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་མངོན་གསལ་དོད་པོས་ཤུགས་ཆེར་ཕྱིན་ཡོད། སྤྱི་ལོ་2021ལོར་བོད་ལྗོངས་ཀྱི་ཞིང་འབྲོག་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་16935ཟིན་ནས་ལོ་གོང་མ་ལས་བརྒྱ་ཆ་16འཕར་ཡོད།
     གཉིས་ནས་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལ་སྐུལ་འདེད་གཏིང་ཟབ་བཏང་ཡོད་པ་སྟེ། སྤྱི་ལོ་2015ལོ་ནས་བཟུང་སྨན་བཅོས་ཤེས་ལྡན་མི་སྣ་དང་སློབ་གསོའི་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་སྔ་རྗེས་སུ་སྤེལ་འགོ་ཚུགས་པ་རེད། ལོ་8རིང་རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་བོད་སྐྱོར་ལས་བྱེད་པ་ཁག་ཐེངས་8ཀྱི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སྨན་བཅོས་ཤེས་ལྡན་མི་སྣ་1500ཙམ་བོད་ལྗོངས་སུ་རྒྱུན་མཐུད་ངང་ཡོང་ཡོད། བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་ས་ཁུལ་དང་གྲོང་ཁྱེར་7གྱི་མི་དམངས་སྨན་ཁང་ཚང་མ་རིམ་པ་གསུམ་པའི་སྨན་ཁང་དུ་བསྐྲུན་ཟིན་ནས་གྲངས་ཀའི་འགྱུར་ལྡོག་ནས་ངོ་བོའི་འགྱུར་ལྡོག་གི་འཕུར་མཆོང་མངོན་འགྱུར་བྱུང་ཡོད། སྤྱི་ལོ་2021ལོའི་ལོ་མཇུག་བར་བོད་ལྗོངས་སུ་ནད་གཞི་ཆེ་རིགས་400ལྷག་ཙམ་རང་སྐྱོང་ལྗོངས་རིམ་པའི་སྨན་ཁང་ནས་སྨན་བཅོས་བྱེད་ཐུབ་པ་དང་། ནད་གཞི་འབྲིང་རིགས་2400ལྷག་ཙམ་ས་ཁུལ་དང་གྲོང་ཁྱེར་རིམ་པའི་སྨན་ཁང་ནས་སྨན་བཅོས་བྱེད་ཐུབ་པ། རྒྱུན་མཐོང་ནད་རིགས་དང་ཐོན་སླ་བའི་ནད་རིགས་རྫོང་དང་ཆུས་རིམ་པའི་སྨན་ཁང་ནས་སྨན་བཅོས་བྱེད་ཐུབ་པ་བཅས་མངོན་འགྱུར་བྱུང་ཡོད་པ་རེད། 
     དེ་མིན་ད་དུང་སློབ་གསོའི་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལག་བསྟར་བྱས་པ་ནས་བཟུང་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་17གྱིས་སློབ་གསོའི་ཤེས་ལྡན་མི་སྣ་2076འདེམས་གཏོང་བྱས་ནས་ཞིང་ཆེན་དང་སློབ་གྲྭ་འགན་གཙང་ལེན་པའི་རྣམ་པའི་ཐོག་ནས་བོད་ལྗོངས་ཀྱི་སློབ་གྲྭ་འབྲིང་ཆུང་21ལ་རོགས་སྐྱོར་བྱས་ཏེ་བོད་ཀྱི་རྨང་གཞིའི་སློབ་གསོའི་སྤུས་ཚད་ཁྱོན་ཡོངས་ནས་མཐོ་རུ་འགྲོ་རྒྱུར་སྐུལ་ཁྲིད་བྱས་པ་དང་། དགེ་རྒན་གྱི་སློབ་ཁྲིད་ནུས་པ་མཐོ་རུ་གཏོང་བའི་རྣམ་གྲངས་རབ་དང་རིམ་པ་ལག་ལེན་བསྟར་ནས་ས་གནས་དེ་གའི་དགེ་རྒན་1129ལ་རོགས་རམ་བྱས་པ། བོད་ཀྱི་དགེ་རྒན་679ཙམ་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་གྱི་སློབ་གྲྭར་ལས་ཐོག་སློབ་སྦྱོང་བྱེད་པར་མངགས་གཏོང་བྱས་པ། སློབ་གསོ་གཤམ་སྐྱེལ་དང་ས་ཡུལ་དངོས་སུ་བཅའ་སྡོད་ཞིབ་འཇུག་བྱེད་པའི་སློབ་ཁྲིད་མཛུབ་ཁྲིད་སོགས་ཀྱི་བྱེད་སྒོ་ཐེངས་168སྤེལ་ནས་མི་ཐེངས་1485ལ་རོགས་སྐྱོར་བྱས་པ། དུས་ཁག་134དབྱེ་ནས་གྲགས་ཅན་དགེ་རྒན་730བོད་ལྗོངས་སུ་སློབ་ཁྲིད་དང་གསོ་སྦྱོང་བྱེད་པར་གདན་དྲངས་པས་དགེ་རྒན་མི་ཐེངས་ཁྲི་5ལྷག་ཙམ་ལ་ཕན་པ་ཐོབ་ཡོད་པ་རེད། བོད་སྐྱོར་ཚོགས་པས་འབྲེལ་ཟམ་གྱི་ནུས་པ་འདོན་སྤེལ་བྱས་ནས་བོད་ལྗོངས་ཀྱི་སློབ་གྲྭ་122ཙམ་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་134དང་ཆ་སྒྲིག་བྱས་ཏེ་ས་ཁུལ་གཉིས་ཀྱི་མི་རིགས་ཁག་གི་དགེ་སློབ་དབར་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་བྱ་རྒྱུར་སྐུལ་འདེད་བཏང་ཡོད།
     གསུམ་ནས་ཐོན་ལས་བོད་སྐྱོར་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པ་སྟེ། ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་དང་བོད་སྐྱོར་ཚན་པས་སྐྱེད་སྲིང་དང་ནང་འདྲེན་མཉམ་འཛིན་བྱ་རྒྱུ་མཐའ་འཁྱོངས་དང་། ལས་ཞུགས་ལ་སྐུལ་མ་གཏོང་རྒྱུ་ཁྲིད་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས། ཁྱད་ལྡན་ལེགས་ཆའི་ཐོན་ཁུངས་གསར་སྤེལ་དང་། ཐོན་ལས་གླིང་ཁུལ་མཉམ་ལས་མཉམ་སྐྲུན་བྱེད་པ། སྔོན་ཐོན་ཉམས་མྱོང་ནང་འདྲེན་བྱེད་པ། ཚོང་འགུག་མ་འདྲེན་བྱེད་པ། འཛད་སྤྱོད་རོགས་སྐྱོར་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་རོགས་སྐྱོར་བྱ་ཡུལ་གྱི་ཁྱད་ལྡན་ལེགས་ཆའི་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་ཧུར་ཐག་བཏང་བས་ཐོན་ལས་བོད་སྐྱོར་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་དང་། མིག་སྔར་ཁ་གཏད་བོད་སྐྱོར་བྱེད་རྒྱུ་དེ་བོད་ལྗོངས་ཀྱི་ཐོན་ལས་གོང་འཕེལ་གཏོང་བའི་གལ་ཆེའི་ཁྲིད་སྟོན་དུ་གྱུར་ཡོད། ཁྱད་ལྡན་ཞིང་འབྲོག་ལས་དང་། ཞིང་ལས་ཐོན་རྫས་ལས་སྣོན་ལས་རིགས། མི་རིགས་ལག་ཤེས་བཟོ་ལས། གྲོང་གསེབ་ཡུལ་སྐོར་ལས་རིགས་སོགས་བོད་ཀྱི་ས་གནས་ཁྱད་ཆོས་དང་ལེགས་ཆ་ཆེ་ཙམ་ལྡན་པའི་ཐོན་ལས་ཁག་གཅིག་སྐྱེད་སྲིང་བྱ་རྒྱུར་སྐུལ་འདེད་བཏང་བ་དང་། ཁ་གཏད་བོད་སྐྱོར་ལས་སྟེགས་ཀྱི་ནུས་པར་བརྟེན་ནས་ཚོང་འགུག་མ་འདྲེན་ཧུར་ཐག་བྱས་ཏེ་རོགས་སྐྱོར་བྱ་ཡུལ་གྱི་དཔལ་འབྱོར་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད། 
རྩོམ་སྒྲིག་པ། བདེ་སྒྲོན།