ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ལྷ་སའི་འགོ་ཁྲིད་ཀྱིས་སེམས་གཏིང་ནས་དགོངས་དག་ཐུགས་བདེན་ཞུས་པ།

སྤེལ་དུས 2022-09-19 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།

     སྤྱི་ལོ་2022ལོའི་ཟླ་9ཚེས་17ཉིན་གྱི་ཕྱི་དྲོ། ལྷ་ས་གྲོང་ཁྱེར་གྱི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་བཅུ་གཅིག་པ་འཚོགས་ཤིང་། གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་གྲོང་སྤྱི་གཞོན་པ་དགྲ་འདུལ་གྱིས་ངོ་སྤྲོད་གནང་དོན།

     མིག་སྔར། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགག་རྩའི་དུས་སྐབས་སུ། ང་ཚོའི་ལས་དོན་ཐད་གྲ་སྒྲིག་ཡག་པོ་བྱུང་མེད་པ་དང་། འཇོན་ནུས་ཆེན་པོ་མེད་པ། ཁ་གཏད་གཅོག་ནུས་མི་འདང་བ། ལག་བསྟར་བྱེད་ཤུགས་མི་འདང་བ་བཅས་ཀྱི་ཞན་ཆ་མང་པོ་མངོན་ཡོད། དཔེར་ན། དུས་འགོའི་ཉིང་སྐྱུར་བརྟག་དཔྱད་བྱེད་པའི་འཇོན་ནུས་ཆེན་པོ་མེད་པས། ས་ཁོངས་ཁག་གཅིག་གི་ཉིང་སྐྱུར་གྲལ་བཤེར་གནད་འཕིགས་བྱུང་མེད་པ་དང་། ཁག་གཅིག་གི་བརྟག་དཔྱད་བྱས་འབྲས་དུས་ཐོག་ཏུ་བཏོན་མ་ཐུབ་པ། བརྟག་དཔྱད་བྱས་འབྲས་རེ་གཉིས་ཏག་ཏག་མ་བསྡད་པ་བཅས་ཀྱི་གནས་ཚུལ་ཐོན་ཡོད་པ་དང་། བརྒྱུད་འདྲེན་སྒྲིག་འཛུགས་བྱེད་པའི་ནུས་པ་ཞན་པ་དང་བཤེར་རྟགས་དུས་ཐོག་ཏུ་སྤྲོད་མ་ཐུབ་པས། མང་ཚོགས་ཁག་ཅིག་བརྒྱུད་འདྲེན་བྱེད་པ་སྒུག་ཡུན་རིང་དྲགས་པ་དང་། བརྒྱུད་འདྲེན་བྱེད་དགོས་ངེས་ཀྱི་ཐོག་མའི་གྲལ་བཤེར་གདགས་གཤིས་ཅན་ཁག་གཅིག་བརྒྱུད་འདྲེན་ལ་དོགས་པ་སྐྱེས་པ། གྲོང་ཁུལ་རྙིང་པའི་བར་སྐོར་དང་། སྐྱིད་རས། རྗེ་འབུམ་སྒང་། སྐར་མ་དགོན་གསར། རྔ་ཆེན། ཉང་བྲན། ཀུན་བདེ་གླིང་སོགས་ཁྲོམ་ལམ་དུ་གསང་སྤྱོད་དང་ཆུ་ལེན་ས་གཅིག་ལས་མེད་པའི་མཉམ་དུ་སྤྱོད་པའི་སྒོ་ར་དང་བོགས་གཏོང་ཁང་པ་ཅུང་མང་པོ་ཡོད་པས། ཕན་ཚུན་འགོས་རེས་མི་ཡོང་བ་དང་རིམས་ནད་མི་མཆེད་སྔོན་འགོག་བྱ་ཆེད། ང་ཚོས་དུད་ཚང་མང་བའི་སྒོ་ར་ཆེན་པོ་དང་མི་མང་པོས་མཉམ་དུ་གླས་པའི་ཁང་པརསྡོད་མཁན་མང་ཚོགས་མང་ཆེ་བ་གཅིག་བསྡུས་ཐོག་རིམས་ནད་སྔོན་འགོག་ཚོད་འཛིན་ལ་ཕན་པའི་ཁུལ་དུ་བརྒྱུད་འདྲེན་བྱས་མོད། འོན་ཀྱང་ཚབ་ཚུབ་ཏུ་བསྐྱལ་བ་དང་འགྲེལ་བཤད་གསལ་པོ་མ་བྱུང་བའི་དབང་གིས། མང་ཚོགས་ཁག་ཅིག་གིས་གོ་ནོར་ཐེབས་འདུག ནད་པར་སྔ་ཙམ་སྨན་བཅོས་བྱ་ཆེད། སྒྲོམ་ཚང་ཁག་གཅིག་གི་བྲེལ་འཚུབ་ངང་སྒོ་ཕྱེ་བས། དོ་དམ་ཐད་གནད་དོན་ངེས་ཅན་ཞིག་ཐོན་ཡོད་ལ། རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་ཡག་པོ་མ་བྱུང་བས། འཕྲོད་བསྟེན་གཙང་སྦྲ་དང་གད་སྙིགས་གཙང་སེལ་དུས་ཐོག་ཏུ་མ་བྱུང་བའི་གནད་དོན་ཡང་ཐོན་ཡོད་པ་མ་ཟད། ཉེན་ཁ་ཆེ་འབྲིང་ཁུལ་དུ་ཞབས་ཞུའི་འགན་ལེན་གནད་འཕིགས་མ་བྱུང་བས། དུས་ཐོག་ཏུ་དངོས་ཟོག་མཁོ་སྤྲོད་འགན་ལེན་མ་ཐུབ་པ་དང་། ལས་དོན་མི་སྣ་ཁག་གཅིག་གི་སྤྱོད་ཚུལ་ཏན་ཏིག་མེད་པས། མང་ཚོགས་ཀྱིས་བཏོན་པའི་རེ་བ་དང་དཀའ་གནད་དུས་ཐོག་ཏུ་སེལ་ཐུབ་མེད་པ་སོགས་ཀྱི་གནད་དོན་མང་པོ་ཐོན་ཡོད། གནད་དོན་འདི་དག་གིས་མང་ཚོགས་ཁག་གཅིག་གི་ཐོན་སྐྱེད་འཚོ་བར་ཤུགས་རྐྱེན་ཆེ་ཙམ་ཕོག་ཡོད་པས། ང་ཚོས་ལྷག་བསམ་ཟོལ་མེད་སྒོ་ནས་སྐྱོན་བརྗོད་དང་ལེན་ཞུ་གི་ཡིན། འདི་གར་ངས་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ནས། གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་དང་དེ་བཞིན་རིམས་ནད་ཀྱིས་རྐྱེན་པས་ལྷ་སར་ལུས་པའི་མི་རྣམས་ལ་སེམས་གཏིང་ནས་དགོངས་དག་ཐུགས་བདེན་ཞུ་གི་ཡིན།

     རིམས་ནད་སྔོན་འགོག་ཚོད་འཛིན་དམག་འཐབ་འདི་ལས་སྔ་ཙམ་རྣམ་པར་རྒྱལ་བར་བྱས་ཏེ། ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་རྒྱུན་ལྡན་ལྟར་སླར་གསོ་ཐུབ་པ་བྱ་རྒྱུ་ནི་གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མའི་ཐུན་མོང་གི་དམིགས་ཡུལ་ཡིན། དཀའ་ངལ་ཇི་ཙམ་ཆེ་ན་གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཚང་མས་དེ་ལྟར་བསམ་ཤེས་དང་། རྒྱབ་སྐྱོར། གཞོགས་འདེགས་བཅས་བྱེད་དགོས། ང་ཚོའི་ལས་དོན་དེ་མང་ཚོགས་ཀྱི་རེ་སྒུག་དང་བླང་བྱ་དང་བསྡུར་ན་ད་དུང་མི་འདང་བའི་ཆ་མི་ཉུང་བ་ཞིག་ཡོད་པ་ང་ཚོས་གསལ་པོར་ཤེས་ཀྱི་ཡོད། ང་ཚོས་ཀྱང་དུས་རྒྱུན་ལས་ཀའི་ཁྲོད་ཀྱི་མི་འདང་བའི་ཆ་ཇེ་ལེགས་སུ་བཏང་སྟེ། རིམས་འགོག་བྱ་ཐབས་སྔར་བས་འཐུས་ཚང་དང་དམངས་འདོད་རེ་ཞུའི་ཐབས་ལམ་ཤར་བགྲོད་ཐུབ་པ་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་དང་མཉམ་དུ་དཀའ་ངལ་ཁྱད་བསད་ཀྱིས་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གང་མགྱོགས་སླར་གསོ་ཐུབ་པའི་བརྩོན་ལེན་བྱ་རྒྱུ་ཡིན། དེ་ཡང་གཅིག་ནས་གྲུབ་འབྲས་སྲ་བརྟན་དུ་གཏོང་ཞོར་གཅིག་བསྡུས་ཐོག་འགག་སྒྲོལ་ཐུབ་རྒྱུ་རྒྱུན་འཁྱོངས་བྱས་ནས། རིགས་དབྱེ་རིམ་དབྱེ་དང་གཅིག་བསྡུས་ཐོག་ཉེན་ཁ་ཆེ་ཁུལ་གཙང་སེལ་ཐུབ་པ་བྱ་རྒྱུ་དང་། གཉིས་ནས་སྔོདང་ཚོད་འཛིན་བྱ་ཐབས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས། ཉིང་སྐྱུར་གྲལ་བཤེར་དང་། བརྒྱུད་འདྲེན་ལས་དོན་ཚད་དང་མཐུན་པ་བྱས་ཐོག ནད་པར་སྨན་བཅོས་ཡག་པོ་བྱས་ཏེ་རིམས་ནད་སྡེ་ཁུལ་དུ་འགོ་ཁྱབ་འགྲོ་བའི་སྦྲེལ་ཐག་མཐའ་གཅིག་ནས་འགོག་གཅོད་བྱ་རྒྱུ། གསུམ་ནས་འགན་འཁྲི་དང་ལས་བགོས་ཁ་གསལ་བཟོས་ཏེ། ལས་དོན་མི་སྣ་བཀོད་སྒྲིག་ལུགས་མཐུན་གྱིས། སྒྲོམ་ཚང་དང་ལོགས་དབྱེའི་ས་ཚིགས་སོགས་ཀྱི་ཞབས་ཞུར་འགན་ལེན་བྱ་རྒྱུ། བཞི་ནས་མཇུག་མཐའི་སྡེབ་སྐྱེལ་མ་ལག་ཇེ་ལེགས་སུ་བཏང་སྟེ། མཐའ་མའི་སྨི་བརྒྱའི་གནད་དོན་ཐག་གཅོད་ཏན་ཏིག་བྱ་རྒྱུ་ཡིན།
རྩོམ་སྒྲིག་པ། བདེ་སྒྲོན།