ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

སྣེ་གདོང་རྫོང་གི་བུད་མེད་ཐད་གཏོང་པ་གཉིས་ལ་ཆད་པ་བཅད་འདུག

སྤེལ་དུས 2022-11-24 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
          དྲ་རྒྱ་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས། ཐད་གཏོང་ལས་རིགས་ཉིན་ལྟར་མང་དུ་འགྲོ་བཞིན་ཡོད། ལྟ་མཁན་གྱི་ཡིད་དབང་འགུག་པ་དང་རང་ཉིད་ལ་ཁེ་ཕན་རག་ཐབས་བྱ་ཆེད། མི་ཁག་གཅིག་གིས་ཐབས་ཟད་ཉེན་མཆོང་གིས་མ་རབས་ཐ་ཤལ་གྱི་ནང་དོན་ཐད་གཏོང་བྱས་ནས་མི་གཞན་གྱི་མིག་དབང་འགུག་ཐབས་བྱེད་ཀྱི་ཡོད། 
          ཉེ་ཆར། སྣེ་གདོང་ཆུས་ཀྱི་དྲ་དམངས“འཕྲིན་ཆེ་གེ་མོ”དང“སྒྲོན་ཆེ་གེ་མོ”ཟེར་བའི་དྲ་ཐོག་ཐད་གཏོང་པས་སྟེགས་བུ་ཞིག་ཏུ་དྲ་མིང་ལ“བོད་ལྗོངསBC”ཞེས་པའི་དྲ་ཐོག་ཐད་གཏོང་པ་དངPKབྱས་ཏེ། མི་གཞན་གྱི་དོ་ཁུར་ཐོབ་ཆེད། ཐད་གཏོང་བྱེད་སྐབས་ཆད་གཅོད་དང་ལེན་བྱེད་པའི་བརྒྱུད་རིམ་ནང་སྤྱོད་པ་ཐ་ཤལ་དང་མ་རབས་བྱ་སྤྱོད་སྤེལ་གྱི་ཡོད། 
          “བོད་ལྗོངསBC”སོགས་ཀྱི་དྲ་ཐོག་ཐད་གཏོང་པས་མ་རབས་ཐ་ཤལ་གྱི་བྱ་སྤྱོད་སྤེལ་བའི་གནས་ཚུལ་ཤེས་རྟོགས་བྱུང་རྗེས། ཟླ11པའི་ཚེས18ཉིན་སྣེ་གདོང་ཆུས་དྲ་རྒྱའི་རུ་ཆེན་གྱིས་མགྱོགས་མྱུར་ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ། རྩེད་ཐང་ཁྲོམ་གཞུང་དོན་གཅོད་ཁྲུའི་སྤྱི་བདེ་མངགས་གཏོང་ཁང་གིས་ཁྲིམས་ལྟར་གྱོད་གཞི་དང་འབྲེལ་བ་ཡོད་པའི་མིག་ཆེ་གེ་མོ(མིང་ཚབ)དང་། གཡང་ཆེ་གེ་མོར(མིང་ཚབ)བརྟག་དཔྱད་བྱས་པ་དང་འབྲེལ། འཕྲལ་མར་ཁྲིམས་འགལ་ཉེས་གསོག་དོགས་ཅན་མིག་ཆེ་གེ་མོ་དང་གཡང་ཆེ་གེ་མོ(མིང་ཚབ)གཏན་འཁེལ་བྱས་པ་རེད། 
          བརྟག་དཔྱད་བྱས་པ་བརྒྱུད། 2022ལོའི་ཟླ་བདུན་པར་ཁྲིམས་འགལ་ཉེས་གསོག་དོགས་ཅན་མིག་ཆེ་གེ་མོ(མིང་ཚབ)དང་དབྱང་ཆེ་གེ་མོས(མིང་ཚབ)མི་གཞན་གྱི་དོ་ཁུར་ཐོབ་ཆེད། ཐད་གཏོང་སྟེགས་བུ་དང“བོད་ལྗོངསBC”ལ་བརྟེན་ནསPKབྱས་པ་དང་། ཐད་གཏོང་ནང་ཁོང་གཉིས་པོས་ཆད་གཅོད་དང་ལེན་བྱེད་པའི་བརྒྱུད་རིམ་ནང་མ་རབས་ཐ་ཤལ་གྱི་བྱ་སྤྱོད་སྤེལ་ཏེ། རྒྱུན་གཏན་གྱི་དྲ་རྒྱའི་སྒྲིག་ལམ་ཚབས་ཆེན་དཀྲུགས་ནས་སྤྱི་ཚོགས་ཐོག་ཤུགས་རྐྱེན་ཧ་ཅང་ངན་པ་བཟོས་ཡོད། 

          མིག་སྔར། སྣེ་གདོང་ཆུས་སྤྱི་བདེ་ཅུས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། མིག་ཆེ་གེ་མོར(མིང་ཚབ)སྲིད་འཛིན་བཀག་ཉར་ཉིན10བྱས་པ་དང་དངུལ་ཆད་སྒོར500བཅད་པ་དང་། དབྱང་ཆེ་གེ་མོར(མིང་ཚབ)སྐྱོན་བརྗོད་སློབ་གསོ་བཏང་བ་རེད། 
          སྣེ་གདོང་ཆུས་སྤྱི་བདེས་རྒྱ་ཆེའི་དྲ་གྲོགས་དང་དེ་བཞིན་དྲ་རྒྱའི་ཐོག་གི་ཐད་གཏོང་པར་དྲན་སྐུལ་ཞུ་རྒྱུར། དྲ་བ་ནི་ཁྲིམས་མེད་ལུགས་མེད་ཀྱི་བྱ་སྤྱོད་སྤེལ་ས་ཞིག་མིན་པས། དྲ་རྒྱའི་ཐོག་གི་ཐད་གཏོང་པས་ཡང་དག་པའི་ཁྲིད་སྟོན་དང་དྲང་ནུས་ངེས་པར་དུ་མཐའ་འཁྱོངས་བྱས་ནས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་ཤུགས་ཆེན་གཏོང་བ་དང་། དགེ་མཚན་ལྡན་པ་དང་ནང་དོན་ལེགས་པའི་ཕྱོགས་ཀྱི་དྲ་རྒྱའི་རིག་གནས་སྐྱེད་སྲིང་བྱེད་པ། དྲ་རྒྱའི་ཁོར་ཡུག་བཟང་པོ་སྲུང་སྐྱོང་བྱེད་པ། སྤྱི་པའི་ཁེ་ཕན་སྲུང་སྐྱོང་བྱེད་པ་བཅས་བྱས་ནས་སྤྱོད་གཙང་གཞུང་དྲང་གི་དྲ་རྒྱའི་བར་མཐོངས་ཤིག་གཏོད་དགོས།