ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་ཀྱི་ཁོར་ཡུག་སྐོར་གྱི་གནས་ཚུལ་འདི་ཐེར་འདོན་བྱས་ཚེ་བྱ་དགའ་མཐོ་ཤོས་སྒོར20000སྤྲོད་རྒྱུ་རེད།

སྤེལ་དུས 2022-11-28 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།

  སྤྱི་དམངས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་ནང་ཧུར་ཐག་ཞུགས་རྒྱུར་ཁྲིད་སྟོན་བྱས་ཏེ། སྣོད་བཅུད་ཁོར་ཡུག་གི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་གཏོང་བའི་མཉམ་ཤུགས་ཆགས་པ་བྱེད་ཆེད། བོད་རང་སྐྱོང་ལྗོངས་སྣོད་བཅུད་ཁོར་ཡུག་ཐིང་དང་ནོར་སྲིད་ཐིང་གཉིས་ཀྱིས་མཉམ་འབྲེལ་ཐོག་《བོད་རང་སྐྱོང་ལྗོངས་ཀྱི་སྣོད་བཅུད་ཁོར་ཡུག་གི་ཁྲིམས་འགལ་བྱེད་སྤྱོད་ཐེར་འདོན་དང་བྱ་དགའ་སྤྲོད་པའི་གནས་སྐབས་ལག་བསྟར་བྱ་ཐབས།》ཞེས་པ་པར་འགྲེམས་བྱས་པ་དང་། ཐེར་འདོན་ལ་བྱ་དགའ་སྤྲོད་པའི་བྱ་ཐབས་བརྒྱུད་སྤྱི་དམངས་དང་། ཁྲིམས་མིའམ་ཡང་ན་རྩ་འཛུགས་གཞན་དག་གིས་བོད་ལྗོངས་ཀྱི་ས་ཁོངས་ནང་ཐོན་པའི་སྣོད་བཅུད་ཁོར་ཡུག་གི་ཁྲིམས་འགལ་བྱེད་སྤྱོད་ཐེར་འདོན་བྱ་རྒྱུར་སྐུལ་ལྕག་བྱ་རྒྱུ་ཡིན་ཞིང་།  ཐེར་འདོན་བྱས་པའི་བྱ་དགའ་མཐོ་ཤོས་སྒོར་ཁྲི་2ཟིན་ཡོད།


  《བྱ་ཐབས།》ནང་ཁྱོན་དོན་ཚན་22ཡོད་ཅིང་། གཙོ་བོ་ཁོངས་གཏོགས་ས་ཆའི་དོ་དམ་དང་། མ་དངུལ་འགན་ལེན། བྱ་དགའ་སྤྲོད་ཡུལ། དངུལ་གྲངས། ཐེར་འདོན་བྱ་ཐབས། བྱ་དགའ་སྤྲོད་པ། ལྟ་སྐུལ་དོ་དམ་སོགས་ཀྱི་ནང་དོན་གཏན་འབེབས་ཞིབ་ཕྲ་བྱས་ཡོད།
  《བྱ་ཐབས》ནང་ཐེར་འདོན་བྱེད་མཁན་གྱིས་ཁ་པར་12369དང་། ཡིག་བསྐུར་ངོ་བཅར། དྲ་བ། སྐད་འཕྲིན་སྤྱི་སྟེགས་སོགས་ཀྱི་ཐབས་ལམ་བརྒྱུད་ཁོར་ཡུག་གི་ཁྲིམས་འགལ་བྱེད་སྤྱོད་ཐེར་འདོན་བྱེད་ཆོག་པ་ཁ་གསལ་བཟོས་ཡོད། སྣོད་བཅུད་ཁོར་ཡུག་གཙོ་སྐྱོང་སྡེ་ཚན་གྱིས་ཐེར་འདོན་གྱི་ནང་དོན་དང་། ངོ་བོ། ཞིབ་བཤེར་གཞོགས་འདེགས་ཀྱི་ཚད་གཞི། སྣོད་བཅུད་ཁོར་ཡུག་གི་ཁྲིམས་འགལ་བྱེད་སྤྱོད་ཀྱི་གནོད་འཚེའི་གནས་ཚུལ་བཅས་ལ་གཞིགས་ནས་ཐེར་འདོན་ཞིབ་བསྡུར་གྱི་གནས་ཚུལ་དང་བྱ་དགའ་སྤྲོད་ཡུལ་དང་ཟུང་འབྲེལ་གྱིས་སྤྱིར་བཏང་གི་ཁྲིམས་འགལ་དང་། ཅུང་ལྕི་བའི་ཁྲིམས་འགལ། ཁྲིམས་འགལ་བྱེད་སྤྱོད་ཚབས་ཆེན་བཅས་ལ་རིམ་པ་དབྱེ་ནས་དོན་རེར་གྲོས་རེ་བྱེད་པའི་བྱ་ཐབས་སྤྱད་དེ་སྒོར་1000ནས་སྒོར་5000བར་དང་། སྒོར་5000ནས་སྒོར་10000བར། སྒོར་10000ནས་སྒོར་20000བར་བཅས་ཀྱི་བྱ་དགའ་སྤྲོད་རྒྱུ་རེད། ཁྲིམས་འགལ་བྱེད་སྤྱོད་ཐེར་འདོན་བྱེད་མཁན་ལ་བྱ་དགའ་སྤྲོད་རྒྱུ་དེ་བྱ་དགའ་ལག་བསྟར་བྱེད་མཁན་གྱི་སྣོད་བཅུད་ཁོར་ཡུག་སྡེ་ཚན་གྱིས་བརྟག་དཔྱད་ཞིབ་བསྡུར་བྱས་ཚུལ་ལ་གཞིགས་ཏེ།ཐེར་འདོན་བྱས་པའི་གནད་དོན་གྱི་ཚབས་ཆེ་ཆུང་དང་། བཟོས་པའི་ཤུགས་རྐྱེན། ཐེར་འདོན་གྱིས་ཁྲིམས་འགལ་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ཐད་ཐོན་པའི་ནུས་པ་སོགས་ཕྱོགས་བསྡུས་རྒྱུ་རྐྱེན་ལྟར་བྱ་དགའི་དངུལ་གྲངས་གཏན་འཁེལ་བྱ་རྒྱུ་རེད། ཐེར་འདོན་བྱས་པ་བརྒྱུད་སྣོད་བཅུད་ཁོར་ཡུག་གི་ཁྲིམས་འགལ་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་བྱ་རྒྱུར་ཕན་ཧ་ཅང་ཆེན་པོ་ཐོགས་པའམ་ཡང་ན་ཐོལ་བྱུང་ཁོར་ཡུག་གི་དོན་རྐྱེན་ཚབས་ཆེན་མི་ཐོན་པ་བྱས་ཚེ། ཞིབ་འཇུག་བྱས་པ་བརྒྱུད་བྱ་དགའི་དངུལ་ལྡབ་འཕར་བྱ་རྒྱུ་དང་། གཏན་འཁེལ་བྱས་པའི་བྱ་དགའ་སྤྲོད་རྒྱུ་ཕུད། ས་གནས་ཁག་གིས་ཐེར་འདོན་བྱེད་མཁན་ལ་བརྡ་ཁྱབ་བཏང་ནས་བསྟོད་བསྔགས་དང་། གཟི་བརྗིད་མཚན་སྙན་གྱི་ལག་ཁྱེར་སྤྲོད་པ། གཟི་བརྗིད་མཚན་སྙན་སྤྲོད་པ་སོགས་ཀྱི་བསམ་པའི་བྱ་དགའ་སྤྲད་དེ་སྐུལ་ལྕག་བྱ་རྒྱུ་རེད།
  《བྱ་ཐབས།》བཏོན་པ་དེས་སྣོད་བཅུད་ཁོར་ཡུག་ལྟ་སྐུལ་ནང་ཞུགས་པའི་དམངས་ཚོགས་ཀྱི་ཧུར་སེམས་སྔར་བས་ཆེ་རུ་ཕྱིན་པ་དང་། སྤྱི་ཚོགས་ལྟ་སྐུལ་གྱི་ཐབས་ལམ་རྒྱ་ཆེར་ཕྱིན་པ། གཞི་རིམ་གྱི་སྣོད་བཅུད་ཁོར་ཡུག་ལྟ་སྐུལ་དོ་དམ་ཁྲིམས་འཛིན་གྱི་ཞན་ཆ་དང་མི་འདང་ས་ཁ་གསབ་ཐུབ་པ།  “དོ་དམ་མཉམ་བྱེད། བཅོས་སྐྱོང་མཉམ་བྱེད། རྒྱལ་ཁ་མཉམ་ལེན།”བཅས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་རྣམ་པ་བཟང་པོ་ཞིག་ཆགས་རྒྱུར་སྐུལ་མ་ཐེབས་ཡོད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།