ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

དགུན་དུས་ཀྱི་དུམ་པ་ཚལ་གྲོང་ཚོའི་རྣམ་པ་གསར་པ།

སྤེལ་དུས 2023-01-18 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
          ཉིན་ཤས་རིང་། དུམ་པ་ཚལ་གྲོང་ཚོའི་ཀོག་ཧྥེ་དང་ནུབ་ཕྱོགས་རྒྱལ་ཁབ་ཀྱི་སྒོ་ངའི་བག་ལེབ་བསྲེགས་པ་སོགས་ཀྱི་གསོ་སྦྱོང་འཛིན་གྲྭའི་ནང་ཞུགས་པའི་མང་ཚོགས་སློབ་མཇུག་འགྲིལ་ཞིང་། དང་ཐོག་ཀོག་ཧྥེ་དང་སྒོ་ངའི་བག་ལེབ་བཟོ་སྟངས་རྩ་བ་ནས་མི་ཤེས་པ་ནས་ད་ལྟ་གང་སྤྱིར་ཅུང་བྱང་ཆུབ་པའི་བར། མང་ཚོགས20ལྷག་ཙམ་ལ་དེའི་ཁྲོད་ནས་ཤེས་བྱ་མང་པོ་ཐོབ་ཡོད། སྐད་ཆ་ཤོད་རྒྱུར་དེ་ཙམ་དགའ་པོ་མེད་པའི་བཀྲ་ཤིས་གཡང་འཛོམས་ཀྱིས་ཕི་ས་བསྲེགས་པའི་བརྒྱུད་རིམ་ཁྲོད་དབྱི་ཐ་ལིའི་ལུགས་ཀྱི་ཀོག་ཧྥེ་བཟོ་སྟངས་ཡག་པོ་ཤེས་ཡོད། ཞིང་འབྲོག་པས་སྒོ་ངའི་བག་ལེབ་བསྲེགས་པ་སོགས་ཀྱི་རྩལ་ནུས་ཁོང་དུ་ཆུད་པ་བྱ་རྒྱུ་དེ་དགུན་དུས་དུམ་པ་ཚལ་གྲོང་ཚོའི་གནས་ཚུལ་གསར་པ་ཞིག་ཏུ་གྱུར་ཡོད།
          “ང་ཚོའི་གྲོང་ཚོའི་ཆ་སྙོམས་ས་བབ་མཐོ་ཚད་སྨི3450ཟིན་པ་དང་། ཀླུ་ནང་གྲོང་རྡལ་ཆུང་ངུ་དང་བར་ཐག་སྤྱི་ལེ7ཡོད་པ། རྒྱལ་ལམ318དང་བར་ཐག་ཉེ་པོ་ཡོད་པ། འགྲིམ་འགྲུལ་སྟབས་བདེ་བ། ནགས་ཚལ་མུའུ་ཁྲི23ཡོད་པ། རྩྭ་ཐང་མུའུ་ཁྲི་3ལྷག་ཙམ་ཡོད་པ། ལོ་གཅིག་དུས་བཞི་ཚང་མར་མཛེས་ལྗོངས་མི་འདྲ་བ་ཡོད”ཅེས་བྲག་ཡིབ་ཆུས་ཀླུ་ནང་གྲོང་རྡལ་དུམ་པ་ཚལ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་ཡའོ་ལི་ཡིས་གསར་འགོད་པར་ངོ་སྤྲོད་བྱས། མང་ཚོགས་དེ་བས་མང་བས་ལག་རྩལ་སྣ་གཅིག་ཁོང་དུ་ཆུད་པ་བྱས་ནས“ཡུལ་སྐོར་ཡོང་འབབ”ཡོང་བར་བྱེད་པ་དང་། ཡུལ་སྐོར་བ་དེ་བས་མང་བས་ཀླུ་ནང་གི་ཞིམ་ཟས་བྲོ་བ་མྱོང་བ་དང་སེམས་སུ་ངེས་ཐུབ་པ་བྱ་རྒྱུ་དེ་གསོ་སྦྱོང་འཛིན་གྲྭ་གཉེར་བའི་ཐོག་མའི་བསམ་འདུན་རེད།
          ཀྱག་ཀྱོག་གི་ལམ་བུ་བརྒྱུད་དུམ་པ་ཚལ་གྲོང་ཚོར་སྐྱོད་སྐབས། བོད་བཟོའི་སྡོད་ཁང་སྟར་པ་དང་སྟར་པ་བྱས་ནས་གྲལ་འགྲིག་པོས་གནས་པ་དང་། ལོ་བརྒྱ་ལྷག་ཙམ་གྱི་གནའ་བོའི་ལྗོན་ཤིང་མང་པོ་ཞིག་གྲོང་ཚོའི་གང་སར་གནས་ཡོད་པས། གྲོང་ཚོ་ཧྲིལ་པོ་ནས་གནའ་བོ་དང་དེང་རབས་ཟུང་འབྲེལ་གྱི་རྣམ་པ་ཟབ་མོ་ཞིག་མངོན་བཞིན་མཆིས། ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གྲོང་ཚོ་ཁག་དང་པོ་དང་རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྱི་གཙོ་གནད་གྲོང་ཚོ་ཁག་གཉིས་པ་ཡིན་པའི་དུམ་པ་གྲོང་ཚོས་ཐོག་མཐའ་བར་གསུམ་དུ་སྲུང་སྐྱོང་རང་བཞིན་གྱི་གསར་སྤེལ་དང་འཛུགས་སྐྲུན་བྱས་ཏེ་གྲོང་གསེབ་ཀྱི་གསང་སྤྱོད་གསར་བརྗེ་དང་། གད་སྙིགས་གཙང་སེལ། བཙོག་ཆུ་གཙང་གསིང་། གྲོང་གསེབ་ཀྱི་ཐོན་སྐྱེད་ཀྱི་ཟོག་རོ་ཐོན་ཁུངས་ཅན་དུ་བེད་སྤྱོད། སྡོད་མལ་ཁོར་ཡུག་ལེགས་བཅོས་བཅས་ཀྱི་འདུ་འགོད་ལག་ལེན་བསྟར་བ་སོགས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་ཤུགས་ཆེའི་རྒྱབ་སྐྱོར་འོག་དུམ་པ་ཚལ་གྲོང་ཚོས་ཐཱན་ཉུང་འཁོར་རྒྱུག་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཞིག་འཚོལ་ཞིབ་ཐུབ་ཡོད།
          ཡའོ་ལི་ཡིས། ཡུལ་སྐོར་ཐོན་ལས་ཀྱི་ཡོང་འབབ་ཡོང་ཁུངས་གཙོ་བོ་ཡིན་པའི་གྲོང་ཚོ་ཞིག་གི་ངོས་ནས། ལོ་དེ་དག་ནང་དུམ་པ་ཚལ་གྲོང་ཚོའི་ཏང་ཀྲི་པུས་ཇི་ལྟར་བྱས་ན་གཞི་ནས་མང་ཚོགས་ཀྱི་སྣེ་ཁྲིད་དེ་སྤུས་ཚད་དེ་བས་མཐོ་བའི་ཡུལ་སྐོར་ཞབས་ཞུ་འཚོལ་ཞིབ་བྱས་ཏེ། མང་ཚོགས་ལ་ཞིང་པའི་སྤྲོ་སྐྱིད་ཁང་དང་ཁྱིམ་ཚང་མགྲོན་ཁང་གཉེར་རྒྱུར་ལྕག་སྐུལ་བྱེད་པ་ནི་མིག་སྔར་བལྟོས་བཅས་ཀྱིས་འཐུས་སྒོ་ཚང་བའི་ལམ་བུའི་གྲས་ཤིག་རེད་ཅེས་ངོ་སྤྲོད་བྱས།
          ཡའོ་ལི་དང་མཉམ་དུ་ང་ཚོ་གྲོང་མི་ཉི་མ་མཁའ་འགྲོའི་ཁྱིམ་ཚང་མགྲོན་ཁང་དུ་སྐྱོད་པ་ཡིན།
          ཉི་མ་མཁའ་འགྲོའི་སྡོད་ཁང་ནི་དཔེ་མཚོན་གྱི་བོད་བཟོའི་ཁང་པ་ཞིག་ཡིན་པ་དང་། ཚོམས་ཆེན་ནང་ནང་ཆས་དང་ཁྱིམ་སྤྱོད་གློག་ཆས་གང་དགོས་ཆ་ཚང་བ། ཁང་པའི་གདུང་མ་དང་གྱང་ལ་བོད་བཟོའི་ཁྱད་ཆོས་ཟབ་མོ་ལྡན་པའི་ཚོན་བཏང་ཡོད་པས་སྙིང་རྗེ་པོ་ཡོད། ཐོག་སོ་གཉིས་པར་ད་དུང་སྔོན་མའི་ཐོན་སྐྱེད་དང་འཚོ་བའི་ཡོ་བྱད་མང་པོ་ཉར་ཚགས་བྱས་ཡོད། ཉི་མ་མཁའ་འགྲོས་དེ་དག་ཚང་མ་ཡུལ་སྐོར་བ་ཞག་སྡོད་བྱེད་སྐབས་ལྟ་འདོད་ཆེན་པོ་བྱེད་པའི་དངོས་པོ་ཤ་སྟག་རེད་ཅེས་བཤད།
          དུམ་པ་ཚལ་གྲོང་ཚོར་ནགས་ཚལ་དང་། ཞིང་སྡེ། འབྲོག་ར། གཞོན་ནུ་ཤེས་ཡོན་ཅན་གྱི་ས་ཚིགས་སོགས་མཛེས་ལྗོངས་ཁུལ་མང་པོ་ཡོད། དགུན་དུས་ཡུལ་སྐོར་བ་མང་པོ་མེད་མོད། འོན་ཀྱང་གྲོང་ཚོས་སྔར་བཞིན་རྣམ་ཀུན་དང་འདྲ་བར་མཛེས་ལྗོངས་ཁུལ་ལ་དུས་ངེས་མེད་ངང་སྲུང་སྐྱོང་དོ་དམ་བྱེད་ཀྱི་ཡོད། གྲོང་ཚོས་ནགས་ཚལ་འགོག་སྲུང་སྐོར་གཡེང་མི་སྣ་སྒྲིག་འཛུགས་བྱས་ནས་དུས་བཀག་ལྟར་རི་སྐོར་རྒྱག་གི་ཡོད།
          “ལོ་དེ་དག་ནང་གྲོང་ཚོར་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད། ད་ཆ་གྲོང་ཚོ་ཡོངས་ཀྱི་མང་ཚོགས་རྣམས་ཐུན་མོང་ཐོག་ནགས་ཚལ་མེ་ཟོན་ནང་ཞུགས་ནས། ནགས་ཚལ་དང་རྩྭ་ཐང་སྲུང་སྐྱོང་བྱེད་པ་ནི་ཡུལ་སྐོར་བ་དེ་བས་མང་བ་བོད་དུ་ཡུལ་སྐོར་དུ་ཡོང་རེ་བྱེད་པ་དེ་རེད”ཅེས་དུམ་པ་ཚལ་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཟླ་བ་ཚེ་རིང་གིས་གསར་འགོད་པར་བཤད།