ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ལས་གནས་བརྟན་པོར་བསྲུངས། དཔྱིད་གསར་དགའ་བདེར་རོལ།

སྤེལ་དུས 2023-01-28 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
             དཔྱིད་གསར་དུས་ཆེན་རིང་བོད་རང་སྐྱོང་ལྗོངས་གླུ་གར་ཚོགས་པས་ལོ་གསར་གྱི་སྨོན་འདུན་བཟང་པོ་མཚོན་ཆེད་དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་ལྷ་ས་ཉིང་ལག་རུ་ཁག་ཏུ་བསྐྱོད་དེ་འཚམས་འདྲིའི་འཁྲབ་སྟོན་བྱས་ནས་དགའ་སྤྲོའི་ངང་དཔྱིད་གསར་དུས་ཆེན་མཉམ་དུ་བཏང་བ་རེད། འདི་ནི་རང་སྐྱོང་ལྗོངས་གླུ་གར་ཚོགས་པའི་འཁྲབ་སྟོན་པ་ཚོས་འཁྲུག་ཆ་དོད་པའི་ཞབས་བྲོ་འཁྲབ་བཞིན་པ།

འདི་ནི་དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་ལྷ་ས་ཉིང་ལག་རུ་ཁག་གི་དཔོན་དམག་ཚོས་སེང་རྩེད་འཁྲབ་བཞིན་པ།
             དཔྱིད་གསར་དུས་ཆེན་རིང་གངས་ལྗོངས་ས་མཐོའི་ས་ཕྱོགས་གང་སར་དགའ་སྤྲོ་འཆམ་མཐུན་གྱི་ལོ་གསར་གྱི་རྣམ་པས་ཁེངས་ཤིང་། ཉིན་ཤས་བསྟུད་མར་རང་ལྗོངས་ཀྱི་ས་གནས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ནང་མི་མཉམ་འཛོམས་དང་། མཁོ་ཆས་ཉོ་བ་དང་ཡུལ་སྐོར་བྱེད་པ། ལས་གནས་བརྟན་སྲུང་བཅས་བྱས་ནས་དགའ་ཞིང་སྐྱིད་པའི་ངང་དཔྱིད་གསར་དུས་ཆེན་གཏོང་བཞིན་ཡོད།
             ངལ་རྩོལ་ཕྱུག་འགྱུར་གྱིས་བདེ་སྐྱིད་ལྡན་པའི་འཚོ་བར་རོལ།
             དཔྱིད་གསར་དུས་ཆེན་རིང་བོད་ནུབ་རྒྱུད་ཀྱི་ཁྱིམ་ཚང་ཀུན་གྱིས་རྒྱལ་སྒོའི་གཡས་གཡོན་གཉིས་སུ་ལོ་གསར་གྱི་ཆ་ཡིག་སྦྱར་བཞིན་ཕྱོགས་གང་སར་ལོ་གསར་གྱི་བཀྲ་ཤིས་རྣམ་པས་ཁེངས་ཡོད། ཉེ་ཆར་གསར་འགོད་པ་བདེ་སྐྱིད་གྲོང་གསར་གྱི་གྲོང་མི་དགྲ་འདུལ་གྱི་ཁྱིམ་དུ་སྐྱོད་སྐབས། ཁོང་གིས་ཚལ་སྣ་ཚོགས་བསྒྲིགས་ཏེ་སྤུན་མཆེད་ཚོ་མཉམ་འཛོམས་ཡོང་བའི་གྲ་སྒྲིག་བྱེད་བཞིན་འདུག
             “ད་ཆ་འཚོ་བའི་ཆ་རྐྱེན་ལེགས་སུ་ཕྱིན་པ་དང་སྡོད་ཁང་གི་ཆ་རྐྱེན་ལེགས་ལ། ཆུ་དང་གློག་ཀྱང་ཡོད། དགུན་དུས་ཀྱང་དྲོད་རླངས་མཁོ་འདོན་བྱེད་པས་འཚོ་བ་དངོས་འབྲེལ་སྐྱིད་པོ་འདུག དེ་རིང་ངས་སྤུན་མཆེད་རྣམས་འབོད་ནས་ལོ་གསར་རིང་དགའ་སྤྲོ་མཉམ་འཛོམས་བྱ་རྩིས་ཡོད”ཅེས་དགྲ་འདུལ་གྱིས་དགའ་སྤྲོའི་ངང་གསར་འགོད་པར་བརྗོད།
             2016ལོར་དགྲ་འདུལ་གྱི་ནང་མི་མངའ་རིས་ས་ཁུལ་གྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་བདེ་སྐྱིད་གྲོང་གསར་དུ་སྤོས་པ་དང་ནང་མི་ཚང་མ་དཀར་ཆ་དོད་ལ་རྒྱ་ཆེ་བའི་སྡོད་ཁང་གསར་པར་སྡོད་རྒྱུ་བྱུང་བས་ཧ་ཅང་དགའ་པོ་བྱུང་།
             སྡོད་ཁང་གསར་པར་སྤོས་པ་དང་དགྲ་འདུལ་ཀྱང་བདེ་སྲུང་བ་ཞིག་ཏུ་གྱུར། ད་ཆ་རྒྱལ་ཁབ་ཀྱི་ཁ་གསབ་དངུལ་ལེན་རྒྱུ་ཡོད་པས་ལོ་རེར་ཁོང་ལ་ཡོང་འབབ་སྒོར་ཁྲི་5ཙམ་ཡོང་གི་ཡོད། ཕྲུ་གུ་ཚོ་ཡང་སློབ་གྲྭར་དགའ་སྤྲོའི་ངང་འཚར་ལོངས་ཡོང་བཞིན་ཡོད་པས། འཚོ་བ་ཇི་ཙམ་སྐྱེལ་བ་དེ་ཙམ་གྱིས་བདེ་སྐྱིད་ལྡན་པ་ཞིག་ཡོད།
             ལོ་གསར་རིང་ལས་གནས་བརྟན་སྲུང་བྱེད།
             ཟླ1ཚེས24ཉིན་གྱི་སྔ་དྲོའི་ཆུ་ཚོད9དང་སྐར་མ30ལ་ལྷ་ས་མེ་འཁོར་བབས་ཚུགས་ཀྱི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་སྡེ་ཁུལ་ཉེན་རྟོག་པ་ཀྲང་ཆོན་གྱིས་ཉིན་གཅིག་གི་ལས་འགན་སྒྲུབ་འགོ་ཚུགས།
             “ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་ཁོངས་གཏོགས་ཁུལ་དུ་མི་འབོར་མང་པོ་ཡོད། དཔྱིད་གསར་དུས་ཆེན་རིང་མི་མང་པོ་ཞིག་ཕ་ཡུལ་དུ་ལོ་གསར་གཏོང་བར་ཕྱིན་པ་དང་སྡོད་མཁན་ནམ་རྒྱུན་ལས་ཉུང་བ་འདུག འོན་ཀྱང་ང་ཚོས་ཆུ་ཚོད24རིང་སྡོད་བྱའི་ཚོགས་ཆུང་གཉིས་བཟོས་ནས་སྐོར་གཡེང་བྱས་ཏེ་དུས་ཆེན་རིང་མང་ཚོགས་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་ཀྱི་ཡོད”ཅེས་མེ་འཁོར་བབས་ཚུགས་ཀྱི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་སློབ་སྟོན་པ་བཀྲ་ཤིས་དགེ་ལེགས་ཀྱིས་གསར་འགོད་པར་བརྗོད།
             ཆུ་ཚོད་བཅུ་པར་ཀྲང་ཆོན་དང་། ཉེན་རྟོག་ལས་རོགས་པ་སྤེན་པ་དང་པ་སངས་མཉམ་དུ་ཁོངས་གཏོགས་ཁུལ་གྱི་སྡེ་ལས་ཀུང་སིར་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་ཞིབ་བཤེར་བྱེད་པར་བསྐྱོད།
             “དེ་རིང་ཁ་ས་ལྷགས་པ་ཆེན་པོ་བརྒྱབ་ཙང་། ང་ཚོས་ཆུ་ཚོད་རེར་ཉེ་འཁོར་གྱི་བརྡ་ཆའི་བྱང་བུ་ཆེན་པོར་ཞིབ་བཤེར་བྱས་ནས་གལ་སྲིད་ཉེན་ཁ་ཡོད་ན་འཕྲལ་མར་ཉམས་བཟོ་བྱེད་ཀྱི་ཡོད”
             “མེ་ཟོན་ལྟ་ཞིབ་ཁང་དུ་སྡོད་བྱ་ཆུ་ཚོད24བྱས་ནས་མེ་གསོད་ཆུ་འགན་ལེན་བྱས་ཡོད”
             ནུས་ཤུགས་ཡོད་རྒུས་གློག་གཏོང་ཐུབ་པར་བྱས་པ།
             དཔྱིད་གསར་དུས་ཆེན་རིང་ལྷ་ས་གྲོང་ཁུལ་དུ་དུས་ཆེན་གྱི་དགའ་སྤྲོའི་རྣམ་པས་ཁེངས་བཞིན། ཁྱིམ་ཚང་ཀུན་དགའ་སྤྲོ་མཉམ་འཛོམས་བྱེད་རིང་གཅེས་པར་འོས་པའི་གློག་ཁང་གི་ལས་དོན་པ་རྣམས་སྔར་བཞིན་ལས་གནས་བརྟན་སྲུང་གིས་གློག་བདེ་འཇགས་དང་བརྟན་པོའི་ངང་གཏོང་བཞིན་ཡོད།
             “རྨོ་བོ་ལགས། གློག་རིན་བླུགས་ཚར་སོང་། སྤ་སེ་ཡག་པོ་ཉར་རོགས”རྒྱལ་ཁབ་གློག་དྲ་ལྷ་ས་གློག་གཏོང་ཀུང་སིའི་ལས་གཉེར་ཚོམས་ཆེན་ནང་ལས་དོན་མི་སྣས་གློག་རིན་སྐྱེལ་མཁན་ཚོར་སེམས་རྩ་འཁོལ་པོས་གློག་རིན་བསྡུ་བཞིན་འདུག
             དཔྱིད་གསར་དུས་ཆེན་རིང་གྲོང་མི་ཚོར་སྟབས་བདེ་ཡོང་ཆེད་ལས་གཉེར་ཚོམས་ཆེན་ནས་གློག་རིན་བསྡུ་བ་ཕུད། རྒྱལ་ཁབ་གློག་དྲ་ལྷ་ས་གློག་གཏོང་ཀུང་སིས་ད་དུང་ལས་གཉེར་དྲ་ཚིགས4ནས་རྒྱུན་གཏན་ལྟར་གློག་རིན་བསྡུ་བ་དང་ལས་ཀ་ཡང་ཉིན་ལྟར་ཆུ་ཚོད་བཅུ་པ་ནས་བཞི་པ་བར་བྱེད་ཀྱི་ཡོད། རྒྱལ་ཁབ་གློག་དྲ་ལྷ་ས་གློག་གཏོང་ཀུང་སིའི་ལས་གཉེར་ཚོམས་ཆེན་གྱི་འགན་འཁུར་བ་ཚེ་རིང་དཔལ་མོས་གསར་འགོད་པར“དཔྱིད་གསར་དུས་ཆེན་རིང་མང་ཚོགས་ཚོར་ལས་སྒོ་གཉེར་ཐུབ་པ་བྱུང་བས་ཧ་ཅང་དགའ་པོ་འདུག ངས་མུ་མཐུད་ལས་གནས་བརྟན་སྲུང་བྱས་ནས་སེམས་རྩ་འཁོལ་པོས་མང་ཚོགས་ལ་ཞབས་འདེགས་ཞུ་གི་ཡིན”ཞེས་བརྗོད།
             དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཏུ་ཞབས་ཞུ་ལྟེ་གནས་དེས་གློག་གཏོང་སྒྲིག་ཆས་དང་ལྷག་པར་དུ་འགྲིམ་འགྲུལ་གྱི་ལྟེ་བ་དང་། ཡུལ་སྐོར་མཛེས་ལྗོངས་ཁུལ། ཚོང་ཁང་ཆེ་གྲས་སོགས་མི་སྣ་འདུ་འཛོམས་ཆེ་བའི་གློག་སྤྱོད་བདེ་འཇགས་ལ་བརྟག་དཔྱད་ཞིབ་ཚགས་བྱས་པ་རེད། དཔྱིད་གསར་དུས་ཆེན་རིང་ཞབས་ཞུ་ལྟེ་གནས་དེས་སྡོད་བྱ་བ38དང་། མྱུར་བཟོའི་རླངས་འཁོར20 གློག་གཏོང་རླངས་འཁོར6བཅས་བཀོད་སྒྲིག་བྱས་ཏེ་དུས་ཐོག་ཏུ་ཉམས་བཟོའི་ལས་འགན་བསྒྲུབས་ཡོད། དེ་དང་ཆབས་ཅིག་སྡོད་བྱ་བ་ཆུ་ཚོད24རིང་གྲོང་ཁུལ་གྱི་གློག་དྲའི་གནས་ཚུལ་ལ་ཞིབ་བཤེར་བྱས་ནས་གནས་ཚུལ་འབྱོར་ན། འཕྲལ་མར་ཉམས་བཟོ་བྱས་པ་མ་ཟད། མང་ཚོགས་ཚོས་གློག་སྤྱོད་བརྒྱུད་རིམ་ནང་ཐོན་པའི་གནད་དོན་དུས་ཐོག་ཏུ་ཐག་གཅོད་ཀྱང་བྱས་ཡོད།