ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་ཀྱི་དབུལ་སྒྲོལ་མི་རེའི་ཡོང་འབབ་སྒོར་ཁྲི་ལས་བརྒལ་བ།

སྤེལ་དུས 2023-01-28 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
             ཉིན་ཤས་གོང་གསར་འགོད་པས་བོད་རང་སྐྱོང་ལྗོངས་གྲོང་གསེབ་དར་རྒྱས་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། སྤྱི་ལོ2022ལོར་སྔོན་དཔག་བྱས་ན་ལྗོངས་ཡོངས་ཀྱི་རྫོང་དང་ཆུས74ཡི་དབུལ་སྒྲོལ་མི་འབོར་གྱི་མི་རེའི་ཆ་སྙོམས་ཡོང་འབབ་གཙང་མ་སྒོར་ཁྲི1.38ཟིན་པ་དེ་དུས་མཚུངས་ལས14.5%འཕར་ནས་ལྗོངས་ཡོངས་ཀྱི་དབུལ་སྒྲོལ་མི་འབོར་གྱི་མི་རེའི་ཆ་སྙོམས་ཡོང་འབབ་གཙང་མ་སྒོར་ཁྲི1ལས་ཐོག་མར་བརྒལ་ཡོད་པ་རེད།
             ལོ་གཅིག་རིང་། བོད་ལྗོངས་ཀྱིས་སྔ་ཕྱི་བར་གསུམ་དུ་དབུལ་སྒྲོལ་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་རྒྱུ་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་ལས་འགན་གལ་ཆེན་དུ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་རྩ་འཛུགས་ཀྱི་འགན་ལེན་ལ་ཤུགས་སྣོན་རྒྱག་པ་དང་འབབ་འཕར་གྱི་ལས་སྟེགས་བཏོད་དེ《བོད་རང་སྐྱོང་ལྗོངས་ཀྱི་དབུལ་སྒྲོལ་མི་འབོར་འབབ་འཕར་བྱ་སྤྱོད་ལག་བསྟར་ཇུས་གཞི》བཏོན་ནས་བྱ་ཐབས་སྣ་ཚོགས་སྤྱད་དེ་འབབ་འཕར་བྱ་སྤྱོད་སྤེལ་བས་དབུལ་སྒྲོལ་མི་འབོར་གྱི་མི་རེའི་ཆ་སྙོམས་ཡོང་འབབ་གཙང་མ་ལོ4བསྟུད་མར་གྲངས་གནས་གཉིས་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད།
             ང་ཚོས་ས་གནས་དེ་གའི་སྣེ་འདྲེན་ཁེ་ལས་དང་རོགས་སྐྱོར་འཁོར་ཁང་གིས་དབུལ་སྒྲོལ་མི་འབོར་ལས་ཞུགས་ཐུབ་པ་བྱས་ནས་འབབ་འཕར་གྱི་འདེགས་གནས་བསྐྲུན་རྒྱུར་སྐུལ་མ་གཏོང་རྒྱུ་དང་ཆབས་ཅིག་ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་འདུ་འགོད་སོགས་སྣོད་བཅུད་རྣམ་གྲངས་སྤྱད་དེ་དབུལ་སྒྲོལ་མི་འབོར་ལས་ཞུགས་ཐུབ་པ་བྱས་ནས་མང་ཚོགས་ཚོར་སྣོད་བཅུད་ཀྱི་ཕན་འབྲས་ཐོབ་རྒྱུར་སྣེ་ཁྲིད་བྱ་རྒྱུ་ཡིན་ཞེས་བོད་རང་སྐྱོང་ལྗོངས་གྲོང་གསེབ་དར་རྒྱས་ཅུས་ཀྱི་འགན་འཁུར་བས་སྲིད་གཞུང་གི་མ་འཇོག་རྣམ་གྲངས་དང་། གུད་ཚབ་ལས་སྤྲོད་རྣམ་གྲངས། སྤྱི་ཕན་རང་བཞིན་གྱི་ལས་གནས་བཅས་དབུལ་སྒྲོལ་མི་འབོར་ཁྲི400ལས་ཞུགས་འབབ་འཕར་ཐུབ་རྒྱུར་སྐུལ་ཁྲིད་བྱས་ནས་ངལ་ནུས་ཡོང་འབབ་སྔར་བས་མང་དུ་བཏང་ཡོད།
             དབུལ་སྒྲོལ་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་ཆེད། བོད་རང་སྐྱོང་ལྗོངས་ཀྱིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཐོན་ལས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་དང་འབབ་འཕར་གྱི་སྒུལ་ཤུགས་སྐུལ་སློང་བྱས་ནས་དང་། འབྲི་གཡག ལུག བོད་ཕག བོད་བྱ་སོགས་ས་མཐོའི་ཁྱད་ལྡན་ཐོན་ལས་གཙོ་གནད་ཐོག་འཕེལ་རྒྱས་བཏང་སྟེ་དེ་དབུལ་སྒྲོལ་མི་འབོར་རྒྱུན་མཐུད་དང་བརྟན་པོའི་ངང་འབབ་འཕར་ཡོང་བའི་འདེགས་སྐྱོར་གལ་ཆེན་ཞིག་ཏུ་ཧུར་ཐག་བཏོད་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ལོ2022ལོར་མ་དངུལ་སྒོར་དུང་ཕྱུར52.94བཏང་ནས་ཐོན་ལས་རོགས་སྐྱོར་རྣམ་གྲངས484ལག་བསྟར་བྱས་པ་དང་། ཀྲུང་དབྱང་གི་འབྲེལ་མཐུད་མ་དངུལ་ཐོན་ལས་འཕེལ་རྒྱས་ཐད་སྤྱོད་པའི་བསྡུར་ཚད56%ཟིན་ཡོད་པ་རེད། དེ་དང་ཆབས་ཅིག་འཛད་སྤྱོད་རོགས་སྐྱོར་བྱེད་སྟངས་དར་སྤེལ་ཧུར་ཐག་བཏང་ནས་བོད་ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་དང་། ཚན་པ་ཁག ཀྲུང་དབྱང་ཁེ་ལས་སོགས་ཀྱིས་ཞིང་ཞོར་ཐོན་རྫས་ཉོ་སྒྲུབ་བྱས་པའི་བསྡོམས་འབོར་སྒོར་དུང་ཕྱུར18ཟིན་ནས་དབུལ་སྒྲོལ་མི་འབོར་གྱི་གཉེར་སྐྱོང་རང་བཞིན་གྱི་ཡོང་འབབ་སྔར་བས་མང་དུ་ཕྱིན་ནས་ཡོང་འབབ་ཀྱི་གྲུབ་ཆ་དེ་བས་སྣེ་མང་ཅན་དུ་གྱུར་ཡོད།
             བོད་རང་སྐྱོང་ལྗོངས་གྲོང་གསེབ་དར་རྒྱས་ཅུས་ཀྱི་འགན་འཁུར་བས་སྤྱི་ལོ2022ལོར། བོད་ལྗོངས་ཀྱིས་རིམས་ནད་ཀྱི་ཤུགས་རྐྱེན་ལ་ཁ་གཏད་ཧུར་ཐག་བཅག་ནས་དབུལ་སྒྲོལ་མི་འབོར་རིམས་ནད་རྐྱེན་པས་དབུལ་ལོག་ཐེབས་རྒྱུར་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་བཏང་བ་མ་ཟད། ལྗང་མདོག་བགྲོད་ལམ་བཏོད་དེ་སྲིད་ཇུས་ཀྱི་རོགས་སྐྱོར་བྱས་ནས་འབབ་འཕར་ཡོང་རྒྱུར་ཕན་པ་ཐོབ་པ་བྱས་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། སྤྱི་ལོ2022ལོར་བོད་ཀྱི་ཞིང་འབྲོག་པ་ཁྲི62.3ལས་ཞུགས་གཞན་སྒྱུར་དང་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར54.6ཟིན་པ་དེའི་ནང་དབུལ་སྒྲོལ་མི་འབོར་ཁྲི20ཡན་ལས་ཞུགས་བརྟན་པོ་བྱུང་ཡོད་པ་རེད། ལོ་ཧྲིལ་པོར་མ་དངུལ་སྒོར་ཁྲི2570ལྷག་ཙམ་བཏང་ནས་རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་པའི་ནང་དབུལ་སྒྲོལ་མི་འབོར་ལ་དམིགས་ནས་མངགས་ཐོ་ལྟར་དང་གཏན་འཁེལ་རྣམ་པའི་རྩལ་ནུས་གསོ་སྦྱོང་བྱེད་ཚད་མི་ཁྲི1.4ཟིན་པ་དང་། དབུལ་སྒྲོལ་དུད་ཚང་གི་སྡོད་ཁང་ལ་མི་མངོན་པའི་རྐྱེན་ངན་གྲལ་བཤེར་བྱས་པ་དང་། སྒྱུར་བཀོད་མ་དངུལ་དོན་འཁྱོལ་བྱས་པ། གནས་སྤོས་རྗེས་མཐུད་ཀྱི་རོགས་སྐྱོར་རྣམ་གྲངས101ལག་ལེན་བསྟར་བ། གནས་སྤོས་དབུལ་སྐྱོར་གྱི་ལས་ཞུགས་བརྟན་པོ་བྱུང་བའི་མི་གྲངས་ཁྲི8.4ལྷག་ཙམ་ཟིན་པ། གནས་སྤོས་མང་ཚོགས་རྣམས་སྤོ་ཐུབ་པ་དང་། སྡོད་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ་བཅས་ཀྱི་འགན་ལེན་བྱས་པ་རེད།