ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

དཔྱིད་གསར་དུས་ཆེན་རིང་ལས་གནས་བརྟན་སྲུང་བྱས་ནས་དམངས་ལ་བདེ་སྐྱིད་བསྐྲུན་པ།

སྤེལ་དུས 2023-01-29 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
             འདི་ནི་དཔྱིད་གསར་དུས་ཆེན་རིང་ཀྲུང་གོ་ལྕགས་ལམ་ཅུས་བཅུ་གཉིས་པའི་ཚོགས་པའི་ལྕགས་ལམ་བདག་སྐྱོང་ཀུང་སི་ཆུ་ཤུར་འཁོར་ཁང་གི་བཟོ་ཁུལ་གཉིས་པའི་ཀུང་ཀྲང་བསོད་ནམས་དོན་གྲུབ་དང་ཁོང་གི་ལས་རོགས་ཚོས་ལྕགས་ལམ་ལམ་རྒྱུད་ཀྱི་འགོག་སྲུང་ལྕགས་དྲར་བདག་སྐྱོང་བྱེད་བཞིན་པ།
             དཔྱིད་གསར་དུས་ཆེན་རིང་མི་རྣམས་ནང་མི་མཉམ་འཛོམས་ཀྱིས་དགའ་བདེའི་དཔལ་ལ་རོལ་བཞིན་ཡོད་མོད། འོན་ཀྱང་བོད་ལྗོངས་ཀྱི་མི་མང་པོ་ཞིག་གིས་སྐད་གྲགས་མེད་པར་ལས་གནས་བརྟན་སྲུང་བྱེད་པ་དང་ཁོང་ཚོས་ལས་ཀ་ཧུར་ཐག་བྱེད་པ་དང་འགན་འཁྲི་ཁུར་ནས་རྒྱ་ཆེའི་མང་ཚོགས་ཚོར་དུས་བདེ་དང་བདེ་སྐྱིད་ཀྱི་ལོ་གསར་ཞིག་གཏོང་ཐུབ་པ་བྱས་ཡོད།
             ལྷ་ཉིང་ལྕགས་ལམ་བདེ་འཇགས་ཡོང་བ་བྱས་པ།
             “ལྷ་ཉིང་ལྕགས་ལམ་དུ་ཕུག་ལམ་དང་འཁྱོག་ལམ་མང་བས་ལས་ཀ་བྱེད་རིང་ཚང་མས་ངེས་པར་དུ་ལྟ་བཤེར་གྲངས་གཞིའི་རི་མོ་དང་རླབས་དབྱིབས་འགྱུར་ལྡོག་ལ་དམིགས་ཏེ་འཚོལ་བསྡུ་བྱས་པའི་གྲངས་གཞིའི་སྤུས་ཚད་འགན་ལེན་བྱེད་དགོས”ཞེས་ལྟ་བཤེར་བ་ཝང་ཁྲུན་གྱིས་གྲངས་གཞིར་བསྐྱར་ཞིབ་བྱེད་མཁན་བཟོ་པ་རྣམས་ལ་ནན་མངགས་བྱེད་བཞིན་ཡོད་པ་རེད། ལུགས་རྙིང་ལོའི་གནམ་གང་ནས་ལོ་གསར་ཚེས4ཉིན་བར། ལྟ་བཤེར་རུ་ཁག་གི་ལས་བྱེད་པ་དང་ལས་བཟོ་ཡོངས་ཀྱིས་མཚོ་བོད་ལྕགས་ལམ་གྱི་ལམ་རྒྱུད་དུ་བསྐྱོད་དེ་ནང་མི་མཉམ་འཛོམས་ཀྱི་གོ་སྐབས་བློས་བཏང་ནས་སྐད་གྲགས་མེད་པར་ལས་གནས་བརྟན་སྲུང་བྱེད་པ་དང་གངས་ལྗོངས་ཀྱི་མཁའ་ལམ་སྲུང་སྐྱོང་བྱེད་བཞིན་ཡོད་པ་རེད།
             ལྷ་ཉིང་ལྕགས་ལམ་ཐོག་སྐྱོད་པའི་ལྟ་བཤེར་མེ་འཁོར་གྱི་འཁོར་སྒྲོམ་ནང་ལྟ་བཤེར་བ་བཞིས་འབྲེལ་ཡོད་དཔྱད་གྲངས་རྒྱུན་ཆད་མེད་པར་ལེགས་སྒྲིག་བྱེད་བཞིན་ཡོད་པ་དང་ཞིབ་ཆ་གང་རུང་ཞིག་ལའང་ལྷོད་གཡེང་མི་འགྲོ་བ་བྱ་ཆེད། ཁོང་ཚོས་བློ་རྩེ་གཅིག་སྒྲིམ་ངང་ཚོད་འཛིན་ལ་དམ་འཛིན་བྱས་ནས་ཚད་བརྒལ་སྒྲ་རླབས་ཀྱི་ཆེ་ཆུང་དང་ཞིབ་དཔྱད་འཁོར་ལོའི་གནས་ཚུལ་དུས་ཐོག་ཏུ་ལེགས་སྒྲིག་བྱས་པ་དང་གྲངས་གཞི་འགྱུར་ལྡོག་བརྒྱུད་ལྕགས་ལམ་ལ་སྐྱོན་ཤོར་མེད་དབྱེ་ཞིབ་བྱེད་ཀྱི་ཡོད་པ་རེད། “ཚད་དང་མཐུན་པའི་ལྟ་བཤེར་བ་ཞིག་ཡིན་ཚེ་དབྱེ་འབྱེད་ཡང་དག་བྱེད་དགོས་ལ་དེ་བས་ཞིབ་ཚགས་ནན་ཏན་ཞིག་དགོས་པ་མ་ཟད། སྐྱོན་ཆ་ཞིབ་ཕྲ་འཚོལ་ཐུབ་མཁན་ཞིག་ཡིན་དགོས” ཞེས་ལི་ཧྲེང་ཧུང་གིས་བློ་རྩ་བརྟན་པོས་བཤད།
             དེ་བས་གནད་ལ་འཁེལ་བའི་སྒོ་ནས་ལྕགས་ལམ་གྱི་ལྟ་བཤེར་གྲངས་གཞིར་ལྟ་ཞིབ་ཐུབ་པ་དང་ལྕགས་ལམ་སྐྱོན་ཤོར་རིགས་ལ་གྲལ་བཤེར་ཡང་དག་བྱ་ཆེད། གྲངས་གཞི་བསྐྱར་ཞིབ་མཁན་གྱིས་ངལ་གསོ་རྒྱག་ཁོམ་མེད་པར་ཉིན་དེའི་ལྟ་བཤེར་གྲངས་གཞིར་མུ་མཐུད་དབྱེ་ཞིབ་བྱས་ནས་འཕྲལ་མར་ཞིབ་བཤེར་ཚད་ལེན་བྱས་འབྲས་སྒྲིག་ཆས་དོ་དམ་ཚན་པར་རྩིས་སྤྲད་ནས་ལྕགས་ལམ་གྱི་མངོན་མེད་རྐྱེན་ངན་གང་མགྱོགས་སེལ་ཐུབ་པ་བྱེད་ཀྱི་ཡོད་པ་རེད།
             དུས་གཏན་གནམ་གྲུའི་བཀོད་འདོམས་པས། མི་རྣམས་སྔ་ཙམ་མཉམ་འཛོམས་ཡོང་བ་བྱེད་ཀྱི་ཡིན།
             གནམ་ཐང་གི་འཁོར་སྐྱོད་བཀོད་འདོམས་ལྟེ་གནས་སུ་བཀོད་འདོམས་པ་ཝང་ཤིང་ལེང་གི་མདུན་དུ་ཡོད་པའི་བརྙན་ཤེལ་གཉིས་ནང་གི་སྡོམ་དྲ་ལྟ་བུའི་ཐིག་དེ་དག་ལས་དུས་གཏན་གནམ་གྲུའི་འཁོར་སྐྱོད་གནས་ཚུལ་དང་གནམ་གྲུ་སྡོད་སའི་གནས་ཚུལ་མཚོན་གྱི་ཡོད། ཁོང་གི་རྒྱུན་གཏན་གྱི་ལས་ཀ་ནི་དུས་གཏན་གནམ་གྲུ་འཕུར་བབས་ལ་བཀོད་འདོམས་བྱེད་པ་དང་གནམ་ཐང་དུ་ཡོང་མཁན་དུས་གཏན་གནམ་གྲུ་ཚང་མ་ལུགས་མཐུན་དང་། ནུས་ཆེ། ཚན་རིག་དང་མཐུན་པ་བཅས་ཀྱི་སྒོ་ནས་གནམ་ཐང་གི་གནམ་གྲུ་འཇོག་ས་དང་། གནམ་གྲུའི་ལས་དོན། འགྲུལ་པའི་ཞབས་ཞུ། ལྟོ་ཆས་བཀོད་སྒྲིག གཙང་སྦྲ། སྣུམ་བླུགས་པ། རླངས་འཁོར་སོགས་འགན་ལེན་ཐོན་ཁུངས་སྤྱོད་ཐུབ་པ་བྱ་རྒྱུ་དེ་རེད། དེ་དང་ཆབས་ཅིག་གནམ་ཐང་ནས་ཐོན་མཁན་དུས་གཏན་གནམ་གྲུ་ཚང་མའི་འགྲུལ་པ་གནམ་གྲུར་ཞུགས་ཐུབ་པ་དང་འགྲུལ་པའི་རྡོག་ཁྲེས་བླུགས་ནས་གནམ་གྲུ་བདེ་བླག་ངང་འཕུར་ཐུབ་པའི་འགན་ལེན་བྱ་རྒྱུ་དེ་རེད།
             གནམ་ཐང་གི་མཐའ་མའི་དུས་གཏན་གནམ་གྲུའི་འགན་ལེན་མཇུག་འགྲིལ་རྗེས་ཝང་ཤིང་ལེང་དང་ཁོང་གི་ལས་རོགས་ཚོ་སྔ་ས་ནས་ངལ་དུབ་ཀྱིས་མནར་ཡོད་མོད། འོན་ཀྱང་ཚང་མའི་གདོང་ལ་སྔར་བཞིན་སེམས་ཤུགས་དང་སྤོབས་པས་ཁེངས། མ་གཞི་རྒྱབ་ཕྱོགས་ཀྱི་ལས་ཀ་བྱེད་མཁན་ཡིན་མོད། འོན་ཀྱང་གནམ་ཐང་འཁོར་སྐྱོད་ལྟེ་གནས་ཀྱི་ཚོམས་ཆེན་དུ་དཔྱིད་གསར་སྐྱེལ་འདྲེན་རིང་འགྲུལ་པ་བདེ་བླག་ངང་འགྲོ་སྐྱོད་ཐུབ་པ་དང་ཁྱིམ་ཚང་ཁྲི་སྟོང་མང་པོའི་བདེ་འཇགས་འགན་ལེན་བྱེད་པ་དེ་ང་ཚོའི་བྱས་རྗེས་ཤིག་ཏུ་བརྩིས་ཆོག་པས། བློ་ཡིད་ཚིམས་སོང་ཞེས་ཝང་ཤིན་ལེང་གིས་འཛུམ་དམུལ་དམུལ་ངང་བཤད།
             མེ་ཟོན་འཐབ་འཛིང་པས། ངས་ཉིན་མཚན་དབྱེར་མེད་དུ་བདེ་འཇགས་བརྟན་སྲུང་བྱེད་ཀྱི་ཡིན།
             ལི་ཧྥེ་ནི་ཆབ་མདོ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གྲོང་གསར་འབྲེལ་གཏུག་ལམ་དམིགས་བསལ་ལས་སྒྲུབ་ས་ཚིགས་ཀྱི་རིམ་པ་དང་པོའི་མེ་ཟོན་མི་སྣ་དང་། སྒྲིག་ཆས་ལག་རྩལ་པ། དམིགས་བསལ་རླངས་འཁོར་གྱི་ཁ་ལོ་བ་བཅས་རེད། ལོ་གསར་མ་ཤར་གོང་ནས་ཁོང་གིས་མེ་ཟོན་སྒྲིག་ཆས་དང་རླངས་འཁོར་གཙང་མར་བཀྲུས་ཏེ“སྒྲིག་ཆས་དེ་དག་ནི་ང་ཚོ་མེ་ཟོན་མི་སྣའི་གཅེན་གཅུང་ལྟ་བུ་ཡིན་པས་དེ་དག་གཙང་མར་བཟོས་ནས་ལས་སྒྲུབ་བྱ་རྒྱུ་རེད”ཅེས་ལི་ཧྥེ་ཡིས་བཤད།
             ལས་ཀ་བྱས་ནས་ལོ16སོང་རིང་ལི་ཧྥེ་ཡིས་སྔ་རྗེས་སུ་སྒྲིག་ཆས་དང་ཡོ་བྱད་ཁག800ལྷག་ཙམ་ལ་ཞིབ་བཤེར་ཉམས་བཟོ་བྱས་ནས་ཚན་པར་ཉམས་གསོའི་འགྲོ་གྲོན་སྒོར་ཁྲི90ལྷག་ཙམ་གྲོན་ཆུང་ཐུབ་ཡོད། མེ་གསོད་དང་ཉེན་སེལ་རོགས་སྐྱོབ་ཀྱི་དམག་འཐབ་ཐེངས300ལྷག་ཙམ་ནང་ཞུགས་ནས་ཉེན་གྱར་མང་ཚོགས60ལྷག་ཙམ་ཁ་འགྲེམས་མྱུར་སྐྱོབ་བྱས་ཡོད།
             ལོ་བཅུ་གྲངས་རིང་ཉིན་གཅིག་ལྟར་འཐབ་གྲོགས་ཚོ་དང་མཉམ་དུ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་ཡག་པོ་བྱས་ཡོད།
             གྲོང་གསར་འབྲེལ་གཏུག་ལམ་དམིགས་བསལ་ལས་སྒྲུབ་ས་ཚིགས་ཀྱི་ཀྲན་ཀྲང་ཀྲོའུ་ཁུའེ་ཡིས། “ལི་ཧྥེ་ཡིས་རྟག་ཏུ་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་སྦྱངས་ནས་རང་ཉིད་ཀྱི་རྩལ་ནུས་མཐོ་རུ་གཏོང་རྒྱུར་བསམ་གཞིག་བྱས་ནས་རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་ཐུབ་པར་བྱེད་ཀྱི་ཡོད། ཁོང་གི་རླངས་འཁོར་སྒྲིག་ཆས་ཉམས་གསོའི་ལག་རྩལ་ཧ་ཅང་ཡག་པོ་ཡོད་པ་དང་གསར་གཏོད་བྱས་པའི་སྒྲིག་ཆས་ཀྱི་དངོས་སྤྱོད་རང་བཞིན་ཧ་ཅང་ཆེན་པོ་ཡོད་པས་ཕྱོགས་ཁག་ཚང་མར་ནང་བྱན་ཆུད་པའི་ཤེས་ལྡན་མི་སྣ་ཞིག་རེད”ཅེས་བཤད།
             ལོ་གསར་པ་འཆར་བ་དང་གང་སར་རྣམ་པ་གསར་རྐྱང་དུ་གྱུར། ལི་ཧྥེ་ཡིས“ལོ་གསར་པའི་ནང་ཐོག་མའི་བསམ་འདུན་མ་བརྗེད་པར་འབད་འབུངས་མདུན་སྐྱོད་ཀྱིས་རང་ཉིད་ཀྱི་ཆེད་ལས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ། དཔྱིད་གསར་དུས་ཆེན་གྱི་བདེ་འཇགས་ལ་སྲུང་སྐྱོང་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོང་ཡག་པོ་བྱས་ནས་བོད་ཀྱི་མེ་ཟོན་བྱ་གཞག་ཆེད་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན”ཞེས་བཤད་པ་རེད།