ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

དཔྱིད་གསར་དུས་ཆེན་རིང་རྒྱལ་མཚམས་སྒྲོལ་མཁན་ན་ནིང་ལས123.9%འཕར་བ།

སྤེལ་དུས 2023-01-30 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
             གསར་འགོད་པར་རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་ནས་རྒྱུས་ལོན་བྱུང་བར་གཞིགས་ན། ཟླ1ཚེས21ནས26ཉིན་བར། རྒྱལ་ཡོངས་ཀྱི་གནས་སྤོས་ཡུལ་མི་དོ་དམ་སྡེ་ཚན་གྱིས་ཁྱོན་རྒྱལ་མཚམས་སྒྲོལ་ནས་འགྲོ་འོང་བྱེད་མཁན་མི་ཐེངས་ཁྲི239.2ཞིབ་བཤེར་བྱས་པ་དེ་ན་ནིང་གི་དཔྱིད་གསར་དུས་ཆེན་སྐབས་དང་བསྡུར་ན(2022ལོའི་ཟླ1ཚེས31ཉིན་ནས་ཟླ2པའི་ཚེས5ཉིན་བར།)123.9%འཕར་ཡོད་པ་དང་།  དེའི་ཁྲོད་དུ་རྒྱལ་ནང་དུ་ཡོང་མཁན་མི་ཐེངས་ཁྲི120ཡོད་པ་དེ་ན་ནིང་གི་དཔྱིད་གསར་དུས་ཆེན་སྐབས་དང་བསྡུར་ན127.2%འཕར་པ་དང་། ཕྱི་རྒྱལ་དུ་འགྲོ་མཁན་མི་ཐེངས་ཁྲི119.2ཡོད་པ་དེ་ན་ནིང་གི་དཔྱིད་གསར་དུས་ཆེན་སྐབས་དང་བསྡུར་ན120.7%འཕར་ཡོད། རྒྱལ་མཚམས་སྒྲོལ་ནས་འགྲོ་འོང་བྱེད་པའི་འགྲིམ་འགྲུལ་སྐྱེལ་འདྲེན་ཡོ་བྱེད་ཁྲི10.9ལ་ཞིབ་བཤེར་བྱས་པ་(གནམ་གྲུ་དང་མཚོ་གྲུ མེ་འཁོར། རླངས་འཁོར།)དེ་ན་ནིང་གི་དཔྱིད་གསར་དུས་ཆེན་སྐབས་དང་བསྡུར་ན62%འཕར་ཡོད།

             རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་ཀྱི་གཅིག་གྱུར་བཀོད་སྒྲིག་ལྟར་རྒྱལ་ཡོངས་ཀྱི་གནས་སྤོས་ཡུལ་མི་དོ་དམ་སྡེ་ཚན་གྱིས་ཉེན་རྟོག་ཡོངས་སྐུལ་སློང་བྱས་ཤིང་། བྱེད་ཐབས་སྣ་མང་སྤྱད་དེ་དཔྱིད་གསར་དུས་ཆེན་སྐབས་ཀྱི་འགག་སྒོ་ཤར་གཏོང་འགན་སྲུང་བྱས་ཡོད། སྔོན་ཚུད་ནས་སྤྱི་ཚོགས་ལ་འགག་སྒོ་ཁག་གི་རྒྱལ་མཚམས་སྒྲོལ་ནས་འགྲོ་འོང་བྱེད་མཁན་མི་སྣ་མང་བའི་དུས་མཚམས་སྔོན་དཔག་བྱས་པ་མ་ཟད་ཡོངས་བསྒྲགས་བྱས་ཤིང་། རྒྱ་ཆེའི་འགྲུལ་པ་རྣམས་ཀྱིས་རང་ཉིད་ཀྱི་འགྲོ་འོང་དུས་ཚོད་བཀོད་སྒྲིག་འོས་མཚམས་བྱེད་པར་སྣེ་ཁྲིད་དང་མཛུབ་སྟོན་བྱས་པ་དང་། དུས་བགོས་ནས་འགྲོ་འོང་བྱེད་དུ་བཅུག་པ་དང་ཚན་རིག་དང་མཐུན་པའི་སྒོ་ནས་ལས་སྒོ་སྒྲིག་འཛུགས་བྱས་པ། ལས་སྒྲུབ་ཉེན་རྟོག་སྟོབས་ཤུགས་བཀོད་སྒྲིག་འདང་ངེས་བྱས་པ། ཞིབ་བཤེར་ཤར་གཏོང་བགྲོད་ལམ་ཕྱེ་བ། ལས་ཆོད་མཐོན་པོས་རྒྱལ་མཚམས་སྒྲོལ་ནས་འགྲོ་འོང་བྱེད་མཁན་འགྲུལ་པར་མཛུབ་སྟོན་བྱས་ཏེ་ཤར་གཏོང་འགན་ལེན་བྱས་ཡོད། ཧྲེན་ཀྲན་དང་ཀྲུའུ་ཧེ་སོགས་ཀྱི་ས་མཚམས་ཞིབ་བཤེར་སྡེ་ཚན་གྱིས་ཤང་ཀང་དང་ཨོ་མིན་གྱི་རྒྱལ་མཚམས་སྒྲོལ་བའི་དོ་དམ་སྡེ་ཚན་དང་འབྲེལ་གཏུག་དང་མཐུན་སྦྱོར་བྱས་ཏེ་སྐབས་འཕྲལ་འགྲུལ་པ་མང་བའི་དུས་མཚམས་ཀྱི་གནད་དོན་ལ་མཉམ་དུ་སེལ་ནས་འགག་སྒོ་བདེ་འཇགས་དང་གོ་རིམ་ལྡན་པ་འགན་ལེན་བྱས་ཡོད།

             དཔྱིད་གསར་དུས་ཆེན་རིང་། རྒྱ་ཆེའི་གནས་སྤོས་ཡུལ་མི་དོ་དམ་སྡེ་ཚན་གྱི་མི་དམངས་ཉེན་རྟོག་པས་གཞན་དོན་གཙོ་བོར་བཟུང་ནས་ལས་གནས་བརྟན་སྲུང་དང་སྒེར་སེམས་མེད་པའི་ལེགས་སྐྱེས་ཕུལ་ཏེ་རྒྱ་ཆེའི་རྒྱལ་མཚམས་སྒྲོལ་མཁན་གྱི་འགྲུལ་པ་རྣམས་ལ་ལས་ཆོད་མཐོ་ལ་སྤུས་ཚད་མཐོ་བའི་འགག་སྒོའི་ཞབས་ཞུ་བསྒྲུབས་ཡོད།