ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

མངོན་མིན་རིག་གནས་ཤུལ་བཞག་ལ་སྐྱེ་སྟོབས་ཀྱི་དཔལ་འབར་ནས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱས་པ།

སྤེལ་དུས 2023-02-01 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          གསར་འགོད་པས་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱས་པར་གཞིགས་ན། མངོན་མིན་རིག་གནས་ཤུལ་བཞག་གི་བཟོ་ཁང་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་བོད་ལྗོངས་ཀྱི་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་པ་དང་རིག་གནས་ལ་བརྟེན་ནས་ཕྱུག་འགྱུར་ཡོང་བའི་ཐབས་ལམ་གསར་པ་གཏོད་ཆེད། ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་ཁུངས་གཞི་རྟེན་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཁྱོན་བསྡོམས་མངོན་མིན་རིག་གནས་ཤུལ་བཞག་གི་བཟོ་ཁང151བཙུགས་པ་དེ་དག་རྫོང49ལ་ཁྱབ་པ་དང་། མི6065ལ་ལག་རྩལ་ཁོང་དུ་ཆུད་པ་དང་ཁྱིམ་སྡོད་ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་པས་མི་རེར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི3.1ལྷག་ཙམ་བྱུང་ཡོད་པ་རེད།
          2018ལོའི་ཟླ7པར། སྙེ་མོ་རྫོང་འདི་ཉིད་རིག་གནས་དང་ཡུལ་སྐོར་པུའུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་གིས“མངོན་མིན་རིག་གནས་ཤུལ་བཞག་དང་དབུལ་སྐྱོར་ཟུང་དུ་འབྲེལ་བའི”གཙོ་གནད་རོགས་སྐྱོར་ཚོད་ལྟའི་རྫོང་ཁག་དང་པོའི་ནང་བཅུག་ཡོད་པ་རེད། ལམ་བུ་ཡང་དག་བཙལ་ནས་དབུལ་སྒྲོལ་ལ་སྐུལ་འདེད་གཏོང་ཆེད། བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གིས“མངོན་མིན་རིག་གནས་ཤུལ་བཞག་དང་དབུལ་སྐྱོར་ཟུང་དུ་འབྲེལ་བའི”ལས་དོན་སྤེལ་སྟངས་དང་། དེ་བཞིན་དབུལ་སྐྱོར་ཐབས་ཇུས་སྒྲིག་འཛུགས་དང་འཚོལ་ཞིབ་ཧུར་ཐག་བྱས་ནས་སྙེ་མོ་རྫོང་གི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ111ལ་ལས་ཞུགས་ལས་གནས་མཁོ་འདོན་བྱས་པ་རེད།
          2020ལོའི་ཟླ་དང་པོར། བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གིས་ད་དུང་འབྲེལ་ཡོད་སྡེ་ཚན་དང་མཉམ་འབྲེལ་བྱས་ནས་སྙེ་མོའི་ཉམས་མྱོང་དམིགས་ས་ལྡན་པའི་སྒོ་ནས་ཁྱབ་གདལ་བཏང་སྟེ། བལ་འཁལ་ཐག་རིགས་དང་། ཤིང་བརྐོས་རིགས། ལྕགས་རིགས་བཟོ་རྩལ་རིགས། སྲོལ་རྒྱུན་མཛེས་རྩལ་རིགས་སོགས་ཀྱི་རྣམ་གྲངས་དམ་འཛིན་བྱ་གཞིར་བྱས་ནས་ཐོན་སྐྱེད་གཞི་ཁྱོན་ཆེ་ཙམ་དང་ལས་ཞུགས་ལ་སྐུལ་ཁྲིད་བྱེད་ནུས་ཆེ་བའི་བཟོ་ཁང་དང་། མཉམ་ལས་ཁང་། ཁེ་ལས་བཅས་མངོན་མིན་རིག་གནས་ཤུལ་བཞག་གི་བཟོ་ཁང་འཛུགས་པའི་ཁྱབ་ཁོངས་སུ་བཅུག་ཡོད་པ་རེད།
          མངོན་མིན་རིག་གནས་ཤུལ་བཞག་གི་བཟོ་ཁང་ཕྱིར་ཚོང་གི་ཐབས་ལམ་རྒྱ་ཆེར་བཏང་ནས་སྤྱི་ཚོགས་ཐོག་གི་ཤུགས་རྐྱེན་ཆེ་རུ་གཏོང་ཆེད། བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གིས་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པས་ཡོངས་ཁྱབ་ངང་ལག་རྩལ་ལ་སྣང་ཆེན་དང་དྲིལ་བསྒྲགས་ཕྱིར་ཚོང་དང་ཁྲོམ་ར་གསར་གཏོད་ལ་སྣང་ཆུང་བྱེད་པའི་ཞན་ཆར་དམིགས་ཏེ། ས་གནས་ཁག་གི་སྲོལ་རྒྱུན་དུས་ཆེན་གྱི་བྱེད་སྒོར་བརྟེན་ནས་མངོན་མིན་རིག་གནས་ཤུལ་བཞག་གི་ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་ཁུལ་བཙུགས་ཏེ་ཐོན་རྫས་ཀྱི་ཁྲོམ་རའི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་བཏང་བ་རེད། དེ་དང་ཆབས་ཅིག“མངོན་མིན་རིག་གནས་ཤུལ་བཞག་དང་དྲ་སྦྲེལ་ཟུང་དུ་འབྲེལ་བའི”ཕྱིར་ཚོང་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བྱས་ནས་སྤུས་ཚད་ཀྱི་འགག་སྒོ་ནན་པོ་སྲུང་བ་དང་སྤུས་རྟགས་ཀྱི་གཟུགས་བརྙན་ལ་སྣང་ཆེན་བྱེད་པའི་རྨང་གཞིའི་ཐོག་བཟོ་ཁང་གི་སྤུས་རྟགས་བཏོད་དེ། བོད་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ཐོན་རྫས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་སྔར་བས་ཆེ་རུ་བཏང་བ་རེད།