ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་སུ་ཁ་ལོ་བའི་ལག་ཁྱེརC6གི་ཡིག་རྒྱུགས་ཐོག་མར་གཏོང་འགོ་ཚུགས་པ།

སྤེལ་དུས 2023-02-03 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
             ཟླ2ཚེས1ཉིན་གྱི་སྔ་དྲོ་བོད་ལྗོངས་ཀྱི་འདྲུད་གཞོང་ཆུང་གྲས་ཀྱི་ཁ་ལོ་བའི་ལག་ཁྱེརC6གི་ཡིག་རྒྱུགས་ལྷ་ས་གྲོང་ཁྱེར་ཅའོ་ཨན་ཁ་ལོ་བའི་སློབ་གྲྭར་དངོས་སུ་གཏོང་འགོ་ཚུགས་པ་རེད།
             གསར་འགོད་པར་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་འཁོར་རིགས་དོ་དམ་སུའོ་ནས་ཤེས་རྟོགས་བྱུང་བར། མང་ཚོགས་ཚོའི་ཁང་འཁོར་བཏང་ནས་ཕྱིར་སྐྱོད་པའི་དགོས་མཁོ་དེ་བས་ལེགས་པའི་ངང་སྐོང་ཆེད། སྤྱི་བདེ་པུའུ་ཡིས་གསར་དུ་བཟོ་བཅོས་བརྒྱབ་པའི《འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་ལག་ཁྱེར་འདུན་ཞུ་དང་བེད་སྤྱོད་གཏན་འབེབས》(སྤྱི་བདེ་པུའུ་ཡི་བཀའ་རྒྱ་ཨང162)ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ལྷ་ས་གྲོང་ཁྱེར་སྤྱི་བདེ་འགྲིམ་འགྲུལ་ཉེན་རྟོག་སྡེ་ཚན་གྱིས་དུས་འགོའི་གྲ་སྒྲིག་དང་ཚོད་རྒྱུགས་བྱས་ནས། ཟླ2ཚེས1ཉིན་འདྲུད་གཞོང་ཆུང་གྲས་ཀྱི་ཁ་ལོ་བའི་ལག་ཁྱེརC6གི་ཡིག་རྒྱུགས་གཏོང་འགོ་ཚུགས་པ་རེད།
             “དེ་རིང་ནས་བཟུང་འདུན་ཞུའི་ཆ་རྐྱེན་འཛོམས་རིགས་ཀྱིས། ལྷ་ས་གྲོང་ཁྱེར་འཁོར་རིགས་དོ་དམ་སུའོ་རུ་འདྲུད་གཞོང་ཆུང་གྲས་ཀྱི་ཁ་ལོ་བའི་ལག་ཁྱེར་འདུན་ཞུ་བྱེད་ཆོག་གི་ཡོད། རྒྱ་ཆེའི་ཁ་ལོ་བ་ཚོས་འདྲུད་གཞོང་ཆུང་གྲས་གཏོང་ཁག་པོ་ཡོད་པས། ཁ་ལོ་བའི་བདེ་འཇགས་འཁོར་གཏོང་གི་ནུས་པ་དང་འདུ་ཤེས་ཀྱི་བླང་བྱ་མཐོ་བར་བརྟེན། འདྲུད་གཞོང་ཆུང་གྲས་གཏོང་རིང་ངེས་པར་དུ་གཟབ་གཟབ་བྱེད་དགོས་པ་དང་། འགྲོ་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ནན་སྲུང་གིས་བདེ་འཇགས་དང་ཡ་རབས་ངང་རླངས་འཁོར་གཏོང་དགོས”ཞེས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་ཏང་ཨུད་ཀྱི་ཨུ་ཡོན་ཉིང་ལག་རུ་དཔོན་གཞོན་པ་ཚེ་རིང་རྡོ་རྗེས་བཤད།