ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་ཀྱིས་གངས་ལྗོངས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་བ།

སྤེལ་དུས 2023-02-08 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
  2022ལོར་བོད་ལྗོངས་ཀྱི་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་དང་། དཔལ་འབྱོར་རྒྱུན་མཐུད་སླར་གསོ་འཕེལ་རྒྱས་འགྲོ་བ། རྣམ་གྲངས་གལ་ཆེན་གོ་རིམ་ལྡན་པའི་ངང་ལག་ལེན་བསྟར་བ། ཁྱད་ལྡན་ཐོན་ལས་བརྟན་པོའི་ངང་འཕར་བ། གྲོང་གསེབ་དར་རྒྱས་སྦྲེལ་མཐུད་ནུས་ལྡན་བྱུང་བ། སྒྱུར་བཅོས་སྒོ་དབྱེ་ཟམ་མི་ཆད་པར་ཟབ་ཏུ་བཏང་བ། དམངས་འཚོའི་བྱ་བ་དངོས་ལ་སྐུལ་འདེད་ཧུར་ཐག་བཏང་བ། སྐྱེ་ཁམས་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་སོང་བ། མཐའ་དར་དམངས་ཕྱུག་སྔར་བས་བརྟན་པ་སོགས་གྲུབ་འབྲས་རེ་རེ་ལས་མི་སེམས་ལ་སྐུལ་མ་ཐེབས་ཤིང་འབྱུང་འགྱུར་གྱི་འཆར་གཞིས་མི་སེམས་ཡར་སྐུལ་ཡོང་བར་བྱེད།
  དེ་ནི་ཕུགས་འདུན་དོན་གཉེར་གྱིས་མདུན་སྐྱོད་བྱེད་པའི“འཆར་འགོད་རི་མོ”ཞིག་རེད། 2023ལོར་བོད་ཀྱི་ལས་དོན་གྱི་སྔོན་དཔག་དམིགས་ཚད་གཙོ་བོ་ནི། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་8%ཙམ་འཕར་རྒྱུ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་8%ཙམ་དང་10%ཙམ་སོ་སོར་འཕར་རྒྱུ། གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད་3%ཙམ་ཟིན་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཀ་ཤོར་ཚད་ལ་བརྟག་དཔྱད་བྱེད་ཚད་5%ཙམ་ཟིན་རྒྱུ་བཅས་རེད། 
  ཁྱད་ཆོས་ལེགས་སུ་གཏོང་བ།
  ལས་རྣམ་ཡོངས་གསབ་རེས་འཚོལ་ཞིབ་བྱས་ནས་ལེགས་གཏོང་རིམ་སྤོར་བྱེད་པ།
  “དགུན་ཉི་དྲོ་པོ་ལྷ་སར་ཡོད”བརྗོད་དོན་གཙོ་བོར་བྱས་པའི“དགུན་དུས་ལྷ་སར་ཡུལ་སྐོར་བྱེད”ཅེས་པའི་ལམ་ཐིག་ཡོངས་བསྒྲགས་ཚོགས་འདུས་ཚོང་པ་དང་ཡུལ་སྐོར་བ་མི་ཉུང་བ་ཞིག་གི་ཡིད་དབང་བཀུག་ཡོད་པ་རེད། གོ་སྐབས་དེ་དང་བསྟུན་ནས་ལྷ་སའི་རྫོང་དང་ཆུས་ཁག་གིས“བྱེད་ཐབས་བཟང་པོ་འདོན་པ”དང་ཆུ་ཚན་སོགས་ཁྱད་ལྡན་ཉམས་ལེན་ལ་བརྟེན་ནས་ས་གནས་འདི་གའི་རང་བྱུང་མཛེས་ལྗོངས་དང་། འོད་སྟོང་འཕྲོ་བའི་རིག་གནས། ཁྱད་ལྡན་ཞིམ་ཟས་བཅས་ཡུལ་སྐོར་བའི་མིག་ལམ་དུ་བཤམས་ཡོད།
  དེ་དང་ཆབས་ཅིག་ཡུལ་སྐོར་ཁྲོམ་ར་གང་མགྱོགས་སླར་གསོ་ཡོང་བ་དང་། ཡུལ་སྐོར་ལ་བརྟེན་ནས་དཔལ་འབྱོར་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ། ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱ་ཆེད། ལྷ་ས་གྲོང་ཁྱེར་གྱིས《“དགུན་དུས་བོད་དུ་ཡུལ་སྐོར་བྱེད”ལྷ་སའི་ཡུལ་སྐོར་ཁྲོམ་རའི་སྐུལ་འདེད་ཁ་གསབ་ལག་བསྟར་ཇུས་གཞི》ཁྱབ་བསྒྲགས་བྱས་པ་རེད། “ན་ནིང་རིམས་ནད་ཀྱི་ཤུགས་རྐྱེན་ཕོག་པར་བརྟེན་ས་གནས་ཁག་གི་ཡུལ་སྐོར་འཕེལ་རྒྱས་འགྲོ་འགོར་པོ་བྱུང་མོད། འོན་ཀྱང་ད་ཆ་ཁྲོམ་རའི་སྒོ་མོ་ཕྱེ་བ་དང་ཆབས་ཅིག ཡུལ་སྐོར་བ་མི་ཉུང་བ་ཞིག་དགུན་དུས་བོད་དུ་ཡུལ་སྐོར་ལ་ཡོང་བཞིན་ཡོད། གཟིཌ་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཏོན་པ་ནི་ང་ཚོ་ཡུལ་སྐོར་ལས་དོན་ཁང་གི་ངོས་ནས་བརྗོད་ན་བྱ་བ་བཟང་པོ་ཞིག་རེད”ཅེས་ཡུལ་སྐོར་ལས་དོན་ཁང་ཞིག་གི་ལས་དོན་མི་སྣས་གསར་འགོད་པར་བཤད།
  དོན་དངོས་ཐོག“དགུན་དུས་བོད་དུ་ཡུལ་སྐོར་བྱེད”ཅེས་པའི་བྱེད་སྒོ་2017ལོ་ནས་སྤེལ་ཚུན་མཛེས་ལྗོངས་ཁུལ་ལ་རིན་མི་དགོས་པ་དང་། གསོལ་མགྲོན་ཁང་དང་། འགྲིམ་འགྲུལ། ཡུལ་སྐོར་ལས་དོན་ཁང་བཅས་ཀྱི་གཟིགས་སྐྱོང་སྲིད་ཇུས་ལ་བརྟེན་ནས་ཡུལ་སྐོར་བ་དང་ཚོང་པ་ཚང་མར་ཕན་པ་ཐོབ་ཡོད་པ་རེད།
  སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་། འཛམ་གླིང་གི་ཡུལ་སྐོར་བྱ་ཡུལ་གལ་ཆེན་གྱི་འཕེལ་རྒྱས་ངེས་གནས་དང་གངས་ལྗོངས་ས་མཐོའི་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་གྱི་རང་བྱུང་ལེགས་ཆ་སྟངས་འཛིན་ནན་པོ་བྱས་ཏེ་ཁྱད་ལྡན་ཡུལ་སྐོར་དང་ལྗང་མདོག་ཞིང་འབྲོག་ཐོན་རྫས་གསར་སྤེལ་གཏིང་ཟབ་བྱས་ནས་ཁྱད་ལྡན་ཅན་དང་། རྩེར་སོན་ཅན། སྤུས་རྟགས་ཅན་བཅས་ཀྱི་ལམ་བུའི་ཐོག་སྐྱོད་དགོས་ཞེས་བསྟན་ཡོད།
  ཁྱད་ཆོས་ཡིན་པའི་ཡུལ་སྐོར་ལས་དོན་ཇི་ལྟར་སྒྲུབ་དགོས་ཤེ་ན། “བོད་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་བར་མཐོངས་ཆེན་པོ་ལྡན་ཡོད། སྤུས་ལེགས་དང་ཁྱད་ཆོས་ལྡན་པའི་ཡུལ་སྐོར་ཐོན་ཁུངས་ལས་ཡུལ་སྐོར་བར་ལུས་སེམས་གསོ་བའི་སྤྲོ་སྣང་སྦྱིན་རྒྱུ་དེ་ནི་བོད་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་ཀྱི་ལྷུ་ཚིགས་གལ་ཆེན་ཞིག་རེད། ང་ཚོས་སྤྱི་དམངས་ཀྱི་ཡུལ་སྐོར་སྣེ་མང་ཅན་དང་རང་གཤིས་ཅན་གྱི་འཛད་སྤྱོད་དགོས་མཁོར་བསྟུན་ནས་ཡུལ་སྐོར་འཛད་སྤྱོད་ཀྱི་རྣམ་པ་གསར་གཏོད་བྱས་ཏེ་ཡུལ་སྐོར་འཛད་སྤྱོད་ཀྱི་རྣམ་པ་གསར་པ་སྐྱེད་སྲིང་ཧུར་ཐག་བྱེད་དགོས། སྤུས་ཚད་མཐོ་བའི་ཡུལ་སྐོར་ཐོན་རྫས་གསར་གཏོད་བྱེད་སྐབས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བར་བསམ་པའི་ཉམས་ལེན་ཡག་པོ་དང་སྤུས་ཀ་ལེགས་པའི་སྤྲོ་གསེང་ལ་བརྟེན་ནས་སྤུས་ཚད་མཐོ་བ་དང་། རིམ་པ་མང་བ། ཕྱོགས་ཡོངས་བཅས་ཀྱི་ཉམས་ལེན་རང་བཞིན་གྱི་འཛད་སྤྱོད་ལས་རྣམ་གཏོད་དགོས”ཞེས་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་བོད་རང་སྐྱོང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཡུས་ཀྱིས་བཤད། ཁོང་གིས“ཡུལ་སྐོར་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་གངས་ལྗོངས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་སྦྱིན་ཏེ་འཚང་གཡོལ་ཡུལ་སྐོར་འཕེལ་རྒྱས་གཏོང་བ་དང་། གསབ་རེས་རྣམ་པའི་ཡུལ་སྐོར་བྱེད་སྟངས་འཚོལ་ཞིབ་བྱས་ནས་འཛུགས་པ། ཡུལ་སྐོར་བ་མང་བའི་དུས་དང་ཉུང་བའི་དུས་ཀྱི་ཁེ་ལས་ཀྱི་དཀའ་གནད་ལས་སྒྲོལ་རོགས་བྱེད་པ། ཡུལ་སྐོར་ལས་རིགས་ཀྱི་དུས་ཚིགས་གསབ་རེས་དང་ལས་རྣམ་ཡོངས་གསབ་རེས་བྱེད་པར་སྐུལ་ཁྲིད་བཅས་བྱས་ནས་ལེགས་གཏོང་རིམ་སྤོར་དངོས་འབྲེལ་ཐུབ་པར་བྱེད་དགོས”ཞེས་བཤད།
  སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ།
  ཐོན་ཁུངས་ཀྱི་ལེགས་ཆར་གཞི་བཙུགས་ནས་ནུས་ཤུགས་སྤྲོད་པ།
  མཐོ་གསར་གྲངས་འཛིན་ཐོན་ལས་ནི་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་རེད། ཧྭ་ཐའེ་ལུང་གཏེར་ལས་ཀྱི“གྲངས་འཛིན་གཏེར་རིའི”རྣམ་གྲངས་ཐད་གཏེར་རིའི་ཐོན་ཁུངས་ཁོར་ཡུག་མཐོང་རུང་ཅན་དང་། བདེ་འཇགས་དོ་དམ་འདུས་གྲུབ་ཅན། ཐབས་ཇུས་རྒྱབ་སྐྱོར་རིག་ནུས་ཅན་བཅས་མངོན་འགྱུར་བྱུང་བ་དང་། དེས་བཏོད་པའི“ཁྲོན་ནང་5Gམི་མེད་རང་འགུལ་འཁོར་གཏོང”མ་ལག་བསྐྲུན་ནས་སྤྱོད་འགོ་ཚུགས་པ་དང་། གཏེར་འོག་ལས་སྒྲུབ་བདེ་འཇགས་ཐོན་སྐྱེད་མངོན་འགྱུར་བྱུང་བ། ཁེ་ལས་ཀྱི་ཐོན་སྐྱེད་ལས་ཕྱོད་20%མཐོ་རུ་གཏོང་རོགས་བྱས་པ། རིམ་རྩིས་བྱས་ན་མི་600ལྷག་ཙམ་ལས་ཞུགས་ཐུབ་པ་བཅས་རེད།
  “ད་ཆ་ཕག་ཤ་ཉོ་སྐབས་གཟིགས་སྐྱོང་ཡོད་པས་ཚང་མས་དོ་ཁུར་གནང་རོགས”ཞེས་བོད་ལྗོངས་ཉིང་ཁྲི་ནས་ཡིན་པའི་ཟླ་བ་ཚེ་རིང་གིས་དེ་ལྟར་བརྗོད་ཅིང་། ཁོང་གིས་བོད་ཕག་གསོ་ཚགས་ར་བ་ཞིག་གཉེར་སྐྱོང་བྱེད་བཞིན་ཡོད། གྲོང་གསེབ་དར་རྒྱས་ལག་ལེན་བསྟར་ཚུན། ཁོང་གིས་དྲ་ཐོག་ཚོང་དོན་འཕེལ་རྒྱས་ཀྱི་གཏིང་ཤུགས་མཐོང་སྟེ་ཐད་གཏོང་ཁང་ནས་ཕག་ཤ་འཚོང་འགོ་ཚུགས་པ་མ་ཟད། ཀུང་སིར་བརྟེན་ནས་ལས་མི་དེ་བས་མང་བ་གསོ་སྐྱོང་བྱས་པ་རེད། “བོད་ཀྱི་ཁྱད་ཆོས་ལྡན་པའི‘ཞིང་གསུམ’ཐོན་རྫས་ལ་ལྗོངས་ཕྱིའི་འཛད་སྤྱོད་པས་ཧ་ཅང་དགའ་པོ་བྱེད་ཀྱི་འདུག ཐད་གཏོང་ཁང་ནི་ལས་སྟེགས་ཧ་ཅང་ཡག་པོ་ཞིག་རེད” ཅེས་ཟླ་བ་ཚེ་རིང་གིས་བཤད།
  གྲངས་འཛིན་གྱིས་དཔལ་འབྱོར་ལ་ཕན་ནུས་སྦྱིན་པ་དང་། གྲོང་གསེབ་དར་རྒྱས་གོང་འཕེལ་ཡོང་བར་འདེགས་སྐྱོར་བྱས་པ། ཟོག་ཁྱེར་ཐད་གཏོང་བྱས་པ་བརྒྱུད་དཔལ་འབྱོར་འཕར་གཞི་གསར་པ་རྙེད་ཡོད། སྣང་ཚུལ་དེ་ལྟ་བུ་བོད་དུའང་མི་ཉུང་བ་ཡོད་དེ། ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་དང་། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་། གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སོགས་ཀྱིས་རྒྱལ་ཁབ་ཀྱི་གྲངས་འཛིན་གྲོང་གསེབ་འཛུགས་སྐྲུན་ཚོད་ལྟའི་ས་ཁུལ་གྲས་སུ་བཅུག་པའི་ལེགས་ཆར་བརྟེན་ནས་རིག་ལྡན་ཞིང་འབྲོག་ལས་དང་གྲངས་འཛིན་གྲོང་གསེབ་འཕེལ་རྒྱས་ཤུགས་ཆེན་བཏང་བས། ཞིང་དུད་ཆུང་གྲས་དང་དེང་རབས་ཞིང་ལས་འཕེལ་རྒྱས་དབར་སྦྲེལ་མཐུད་གང་ལེགས་བྱུང་ཡོད།
  ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་། གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་གྲངས་འཛིན་དཔལ་འབྱོར་དང་དངོས་ཚན་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་བཏང་སྟེ་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ལྡན་པའི་གྲངས་འཛིན་ཐོན་ལས་ཚོ་འདུས་ཤིག་གཏོད་དགོས་ཞེས་བསྟན་ཡོད། གོམ་སྟབས་རྗེས་མར་བོད་ཀྱིས་ཕྱོགས་གང་དག་ཐད་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་ནས་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་རྒྱུ་ཡིན་ནམ་ཟེར་ན།
  “ང་ཚོས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་བཙུགས་ཏེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་གྱིས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་སྐྱོང་བྱེད་པ་དང་། ལོ་རྒྱུས་རང་བཞིན་གྱི་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ་གྲངས་གཞི་དེ་གནད་འགག་གི་རྒྱུ་རྐྱེན་གཙོ་བོར་བྱས་ནས་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི‘437’བྱ་སྤྱོད་ལག་ལེན་ཤུགས་ཆེན་བསྟར་བ་དང་། རྒྱལ་ཁབ་ཀྱི་ས་མཐོའི་རིག་ལྡན་རིག་གནས་ཡུལ་སྐོར་གྱི་མ་དཔེ་གསར་པ་དང་། རྒྱལ་ཁབ་ཀྱི་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་ཀྱི་དཔེ་སྟོན་གསར་པ། རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་གྲངས་འཛིན་ཅན་གྱི་བཀོལ་སྤྱོད་ཚད་གཞི་གསར་པ། རྒྱལ་ཁབ་ཀྱི་གྲངས་གཞི་ཆེ་མོའི་ལྗང་མདོག་གི་གྲངས་གཞིའི་ཉར་རྩིས་འགག་གནད་གསར་པ། རྒྱལ་ཁབ་ཀྱི་ས་མཐོའི་རིག་ལྡན་གྲོང་ཁྱེར་གསར་པའི་ཇུས་གཞི་གསར་པ། ལྷོ་ཕྱོགས་སུ་སྒོ་མོ་དབྱེ་བའི་གྲངས་འཛིན་དར་གོས་ལམ་བུའི་སྒོ་མོ་གསར་པ་བཅས‘གསར་པ་6’གི་གྲངས་འཛིན་གྱི་ཡང་རྩེ་ནུས་ཤུགས་ཡོད་རྒུས་བཏོད་ནས་ས་མཐོའི་མཐའ་མཚམས་མི་རིགས་ས་ཁུལ་གྱི་གྲངས་འཛིན་དཔལ་འབྱོར་ཧེ་བག་ཅན་གྱི་འཕེལ་རྒྱས་ལམ་བུ་གསར་པ་ཞིག་གཏོད་དགོས། 2025ལོར་སླེབས་སྐབས་ལྗོངས་ཡོངས་ཀྱི་གྲངས་འཛིན་དཔལ་འབྱོར་གྱི་གཞི་ཁྱོན་སྒོར་དུང་ཕྱུར་600ལས་བརྒལ་རྒྱུ་དང་གྲངས་འཛིན་དཔལ་འབྱོར་གྱི་འཕར་སྣོན་རིན་ཐང་སྒོར་དུང་ཕྱུར་280ཟིན་ནས་ལོ་རེར་ཆ་སྙོམས་10%ཡན་འཕར་རྒྱུའི་བརྩོན་ལེན་བྱ་རྒྱུ་དང་། ལྷ་ས་ལྟེ་བར་བྱས་ནས་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་གྲངས་འཛིན་ས་ཚིགས་རགས་ཙམ་ཆགས་རྒྱུ་རེད”ཅེས་བོད་རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་གི་ཐིང་ཀྲང་གཞོན་པ་དབང་འདུས་ཀྱིས་བརྗོད།
  “འདེད་སྐུལ”ཤུགས་ཆེ་རུ་གཏོང་བ།
  དངུལ་རྩའི་སྟོབས་ཤུགས་ཆེ་རུ་བཏང་ནས་ལས་ཞུགས་ལ་དམ་འཛིན་ཤུགས་ཆེན་བྱེད་པ།
  ཁྲོམ་རའི་བྱེད་པོ་ནི་དཔལ་འབྱོར་འཕེལ་རྒྱས་ཀྱི་མཉེན་ཤུགས་དང་། གཏིང་ཤུགས། གདེང་ཚོད་བཅས་ཀྱི་འབྱུང་ཁུངས་ཡིན། དངུལ་རྩའི་ཞབས་ཞུ་ཡག་པོ་ཡོད་ཚེ་དངོས་ཚན་དཔལ་འབྱོར་གྱི་སྤུས་ཚད་དང་ཕན་འབྲས་སྔར་བས་ཆེ་རུ་འགྲོ་སྲིད།
  ནས་ནི་མཚོ་བོད་ས་མཐོའི་ཁྱད་ལྡན་ལེགས་ཆའི་ཞིང་ལས་སྐྱེ་དངོས་ཤིག་ཡིན་ལ། ནས་ཀྱི་ཐོན་ལས་འཁོར་སྦྲེལ་སྣུར་བསྲིང་དང་ནས་ཀྱི་ཟུར་སྣོན་རིན་ཐང་མཐོ་རུ་གཏོང་རྒྱུ་ནི་ཞིང་འབྲོག་ཁུལ་གྱི་ཐོན་ལས་དར་རྒྱས་དང་ཞིང་འབྲོག་པའི་འཚོ་བ་འབྱོར་ཕྱུག་ཡོང་བའི་ཐབས་ལམ་ནུས་ལྡན་ཞིག་རེད། ལྷ་ས་རྒུ་རུམ་སྤ་ར་རྩམ་པ་ཚད་ཡོད་ཀུང་སི་བཙུགས་པ་ནས་བཟུང་གཞན་ལས་ཁྱད་དུ་འཕགས་པའི་ནས་ཀྱི་ཐོན་ཁུངས་སྤྱད་པ་དང་འཕྲུལ་འཁོར་སྒྲིག་ཆས་བཟོས་ཤིང་། སྲོལ་རྒྱུན་དང་དེང་རབས་ཀྱི་ལག་རྩལ་ཟུང་འབྲེལ་གྱིས་རྩམ་པ་ལས་སྣོན་བྱས་པས་རྩམ་པ་ལས་སྣོན་གྱི་མྱུར་ཚད་དང་སྤུས་ཚད་མཐོ་རུ་ཕྱིན་ནས་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་མ་ཐེབས་ཡོད། ཁེ་ལས་བཙུགས་པའི་ཐོག་མའི་དུས་སུ་མ་དངུལ་བསྡུ་གཏོང་དཀའ་བ་དང་དལ་བའི་གནད་དོན་འཕྲད་པར་བརྟེན། ཞིང་ལས་དངུལ་ཁང་སྟོད་ལུང་བདེ་ཆེན་ཆུས་ཉིང་ལག་དངུལ་ཁང་གིས་ཁེ་ལས་སུ་ཟབ་སྐྱོད་བྱས་ཏེ་རང་འགུལ་ངང་བྱ་སྤྱོད་སྤེལ་བ་དང་། མཉམ་ལས་ལ་ཤུགས་སྣོན་རྒྱག་པ། ཁེ་ལས་ཀྱི་མདུན་དུ་ལྷག་པའི་གནད་དོན་དངོས་ལ་ཞིབ་འཇུག་ནན་ཏན། ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་མུ་མཐུད་བཅས་བྱས་ནས་ཁེ་ལས་འཕེལ་རྒྱས་ཐད་ཀྱི་དངུལ་ཁང་གི་སྐུལ་འདེད་ནུས་པ་འདོན་སྤེལ་ཏན་ཏིག་བྱས་ཡོད། “ལྷག་དོན་དུ་རིམས་ནད་ཐོན་རིང་ཞིང་ལས་དངུལ་ཁང་གི་ལས་དོན་མི་སྣས་རང་འགུལ་ངང་སྒོ་རྩར་ཞབས་འདེགས་ཞུ་བར་ཡོང་ནས་ང་ཚོའི་ཁ་ཚ་དགོས་གཏུགས་ཀྱི་དཀའ་ངལ་བསལ་སོང”ཞེས་ཁེ་ལས་དེའི་འགན་འཁུར་བས་བརྗོད་པ་རེད།
  ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་རོགས་རམ་བྱེད་པ་ནས་ཁྲོན་བོད་ལྕགས་ལམ་དང་། ལྷ་གཞིས་མྱུར་བགྲོད་གཞུང་ལམ། དྭགས་པོ་ཆུ་ཤུགས་གློག་ཁང་། རྒྱལ་ཁབ་གློག་དྲའི་གྲོང་གསེབ་གློག་དྲ་རིམ་སྤོར་སྒྱུར་བཀོད་ཀྱི་དུས་ཐེངས་གཉིས་པ་སོགས་འགྲིམ་འགྲུལ་དང་། ཆུ་བེད། ནུས་རྒྱུ། རྨང་གཞིའི་སྒྲིག་བཀོད་བཅས་ཁྱབ་ཁོངས་ཀྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་བར། འདས་པའི་ལོ་གཅིག་གི་རིང་། མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་མཐར་ཕྱིན་བསྟར་བ་དང་། “དོན་ཆེན་བཞི”དང“འགན་ལེན་བཞིར”དམིགས་པ་དང་། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”ཤུགས་རྒྱག་པ། བརྟན་ཞིང་སྐྱོན་བྲལ་གྱི་དངུལ་ལོར་སྲིད་ཇུས་ལག་བསྟར་བྱེད་པ། གྲུབ་ཆའི་རང་བཞིན་གྱི་དངུལ་ལོར་སྲིད་ཇུས་ཀྱི་ཡོ་བྱད་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ། བོད་དུ་ཡོད་པའི་དངུལ་རྩའི་སྒྲིག་གཞིས་ཡིད་རྟོན་དངུལ་བུན་གཏོང་ཤུགས་ཆེ་རུ་གཏོང་རྒྱུར་ཁྲིད་སྟོན་བྱེད་པ། ཡིད་རྟོན་དངུལ་བུན་གྱི་ཐོན་ཁུངས་བཀོད་སྒྲིག་ལེགས་གཏོང་གིས་དངུལ་རྩས་དཔལ་འབྱོར་སྤྱི་ཡོངས་བརྟན་གཏོང་དང་ཁེ་ལས་ཀྱི་དཀའ་ངལ་སེལ་རོགས་བྱེད་པའི་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་དོན་འཁྱོལ་བྱེད་པ། གཙོ་གནད་ཁྱབ་ཁོངས་དང་། ལྷུ་ཚིགས་ཞན་ས། རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པའི་ལས་རིགས་ཚོགས་སྤྱི་བཅས་ལ་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ་བའི་སྤུས་ཚད་དང་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དངུལ་རྩའི་འདེགས་སྐྱོར་ནུས་ལྡན་བྱས་པ་རེད།
  ལས་ཞུགས་ནི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆེས་གཞི་རྩའི་འདེགས་སྐྱོར་ཡིན། ཤེས་རབ་ལྷག་སྒྲོན་གྱིས་གཞུང་ལས་པའི“ལྕགས་ཕོར”གྱི་ལས་གནས་ནས་དགོངས་པ་ཞུས་རྗེས་ཀོག་ཧྥེ་ཁང་ཞིག་བཙུགས། ཁོང་གིས“དང་ཐོག་མ་དངུལ་ཐད་དཀའ་ངལ་མི་ཉུང་བ་ཞིག་འཕྲད་བྱུང་། དེ་རྗེས་སྲིད་གཞུང་གིས་ལས་གཏོད་ཐད་གཟིགས་སྐྱོང་སྲིད་ཇུས་མང་པོ་བཏོན་ཡོད་པ་ཤེས་བྱུང་བས་ངས་རེ་ཞུ་བྱས་པ་ཡིན། མཐར་སྲིད་གཞུང་གི་ལས་ཞུགས་འགོ་རྩོམ་མ་དངུལ་སྒོར་50000རག་པ་མ་ཟད། ད་དུང་ལོ་དང་པོར་ཆུ་གློག་དང་ཁང་གླའི་ཁ་གསབ་སྒོར་24000རག་བྱུང་། དེས་མ་ཚད་མཐོ་སློབ་ལས་གཏོད་ལས་ཞུགས་ལྟེ་གནས་ཀྱིས་ཀྱང་ངར་གྲོས་འགོ་བཏོན་པ་དང་རོགས་རམ་མང་པོ་བྱས་བྱུང”ཞེས་བཤད།
  གྲངས་གཞི་ལས་མངོན་གསལ། 2022ལོར་བོད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དུ་མི་ཁྲི་5.1གསར་དུ་ལས་ཞུགས་ཐུབ་ནས་ལོ་འཁོར་གྱི་དམིགས་ཚད་ལས་འགན་གྱི་102%ལེགས་སྒྲུབ་བྱུང་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་བྱས་པའི་ལས་ཀ་ཤོར་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་དམའ་བ་ཡོད་པ། ལོ་འདི་གའི་མཐོ་སློབ་སློབ་ཐོན་སློབ་མ་33747གྱི་ལས་ཞུགས་ཐུབ་ཚད་95.6%ཟིན་པ་དང་ཞིང་འབྲོག་པ་ཁྲི་63.1ལས་ཞུགས་གཞན་སྒྱུར་ཐུབ་ནས་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་55.6ཟིན་པ་དེ་ལོ་འཁོར་གྱི་འཆར་གཞིའི་105.2%དང་111.2%སོ་སོར་ལེགས་སྒྲུབ་བྱུང་བ། ལས་ཞུགས་དམིགས་ཚད་གཙོ་བོ་ཚང་མ་ལོ་འཁོར་གྱི་འཆར་གཞི་ལས་ཚད་བརྒལ་ངང་ལེགས་སྒྲུབ་བྱུང་བ་བཅས་ལས་ཆེས་གཞི་རྩའི་དམངས་འཚོའི་མཐའ་ཚད་བརྟན་པོ་སྲུང་ཐུབ་ཡོད་ལ་དཔལ་འབྱོར་གྱི་སྤྱི་ཡོངས་ཀྱང་བརྟན་པོ་བྱུང་ཡོད།
  འགོ་འཛུགས་ས་གསར་པར་ལངས་ནས་འབྱུང་འགྱུར་ལ་རྒྱང་ལྟ་བྱེད། བོད་ཀྱིས་འབད་འབུངས་ཡར་བརྩོན་དང་ཞུམ་མེད་མདུན་སྐྱོད་ཀྱི་སྒོ་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྐྱོད་ཁུལ་གཏོད་ཆེད་འབད་འཐབ་ཧུར་ཐག་བྱ་རྒྱུ་རེད།
རྩོམ་སྒྲིག་པ། སངས་སྐྱབས།