ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ད་ལོ་བོད་ལྗོངས་ཀྱིས་ཆུ་བེད་ཐད་སྒོར་དུང་ཕྱུར50དོན་འཁྱོལ་བྱ་རྒྱུ།

སྤེལ་དུས 2023-02-08 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          ཉིན་ཤས་གོང་།  གསར་འགོད་པས་བོད་ལྗོངས་ཡོངས་ཀྱི་དུས་ཚིགས་དང་པོའི་ཞིང་འབྲོག་ལས་དོན་གྱི་བཀོད་གཏོང་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར།  2023ལོར་བོད་ལྗོངས་ཡོངས་ཀྱི་ཆུ་བེད་ཁོངས་གཏོགས་ཀྱིས་ཆུ་བེད་ཐད་མ་དངུལ་སྒོར་དུང་ཕྱུར50དོན་འཁྱོལ་ཐུབ་པ་བརྩོན་ལེན་བྱ་རྒྱུ་མ་ཟད། གཙོ་གནད་རྣམ་གྲངས་ཐད་མ་དངུལ་སྒོར་དུང་ཕྱུར36.14གཏོང་རྒྱུ་ཡིན་ཞིང་།  དུས་ཚིགས་དང་པོར་གཙོ་གནད་རྣམ་གྲངས་ཐད་མ་དངུལ་སྒོར་དུང་ཕྱུར2.6གཏོང་རྒྱུ་དེ་དུས་མཚུངས་ལས30%འཕར་རྒྱུ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། དུས་ཚིགས་དང་པོའི་ལས་འགན་ཁག་བདེ་བླག་ངང་ལེགས་འགྲུབ་བྱ་ཆེད།  གྲོང་ཁྱེར་དང་ས་ཁུལ་ཁག་གི་ཆུ་བེད་ཚན་པས་བོད་ལྗོངས་ཡོངས་ཀྱི་ཆུ་བེད་མཐུད་སྐྲུན་རྣམ་གྲངས་ཚང་མ་ཟླ3པའི་ཚེས1ཉིན་གོང་ལས་འགོ་བསྐྱར་ཚུགས་ཐུབ་པར( ས་བབ་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི4500ཡན་གྱི་རྣམ་གྲངས་ཚང་མ་ཟླ5པའི་ཚེས1ཉིན་གོང་ལས་འགོ་ཚུགས་ཐུབ་པ)ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས།  ཟླ6པའི་ཟླ་མཇུག་གོང་ཚང་མ་ལས་མཇུག་བསྒྲིལ་རྒྱུ་རེད། 2023ལོར་མ་དངུལ་གཤམ་སྤྲོད་བྱས་པའི་གསར་འཛུགས་རྣམ་གྲངས་དག་ཟླ4པའི་ཚེས1ཉིན་གོང་ཚང་མ་ལས་འགོ་ཚུགས་རྒྱུ(ས་བབ་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི4500ཡན་གྱི་རྣམ་གྲངས་དག་ཟླ5པའི་ཚེས1ཉིན་གོང་ཚང་མ་ལས་འགོ་ཚུགས་རྒྱུ)རེད།  དེ་དང་ཆབས་ཅིག  གྲོང་ཁྱེར་དང་ས་ཁུལ་ཁག་གི་ཆུ་བེད་སྡེ་ཚན་གྱིས་རྣམ་གྲངས་ཐད་ལྟ་འདོམས་སྔར་བས་ནན་པོ་བྱས་ནས། རྣམ་གྲངས་ཀྱི་ཁྲིམས་མིའི་འགན་འཁྲིའི་ལམ་ལུགས་དང་། ཚོང་འགུག་མ་འཇོག་ལམ་ལུགས། འཛུགས་སྐྲུན་ལྟ་འདོམས་ལམ་ལུགས། གན་རྒྱའི་དོ་དམ་ལམ་ལུགས་བཅས་དོན་འཁྱོལ་བྱེད་པ་དང་།  རྣམ་གྲངས་འཛུགས་སྐྲུན་གྱི་སྤུས་ཚད་དང་། ཁོར་ཡུག་སྲུང་སྐྱོང་། མ་དངུལ་བདེ་འཇགས། སྤྱོད་གཙང་བཅས་ཀྱི་འགག་སྒོ་ནན་པོ་བསྲུངས་ཏེ་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་གཅིག་ཀྱང་མི་ཐོན་པ་བྱ་རྒྱུ་རེད།
         བོད་རང་སྐྱོང་ལྗོངས་ཆུ་བེད་ཐིང་གི་འགན་འཁུར་མི་སྣས།  ལོ་འདིའི་ནང་ཆུ་བེད་རྣམ་གྲངས་ཐད་ཞིང་པ་ལས་མིའི་གླ་ཆ་ཆད་འགྱངས་བྱེད་པའི་གནད་དོན་ཐོན་ཚེ།  འབྲེལ་ཡོད་ཁེ་ལས་མིང་ཐོ་ནག་པོའི་ནང་འཇུག་རྒྱུའི་ཆད་པ་གཅོད་རྒྱུ་མ་ཟད།  འབྲེལ་ཡོད་གྲོང་ཁྱེར་དང་ས་ཁུལ་དང་། རྫོང་དང་ཆུས་བཅས་ཀྱིས་ཀྱང་བབ་བསྟུན་གྱི་ཆད་པ་གཅོད་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས། 
རྩོམ་སྒྲིག་པ།  བསྟན་ཆོས།