ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

རིན་ཆེན་བཀྲ་ཤིས་ནས་མཐོ་སྒང་གི་ཞིང་ཕྱུཊ་ལས་ཐད་བཏོན་པའི་གྲོས་འགོ

སྤེལ་དུས 2023-03-10 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
  མིག་སྔར་སྐོང་ཚོགས་བྱེད་བཞིན་པའི་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོའི་ཐོག རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་མཛོ་རྒན་རྭ་བ་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། འགོ་གཙོ་རིན་ཆེན་བཀྲ་ཤིས་ཀྱིས་བརྩེ་དུང་ཟབ་མོའི་སྒོ་ནས་ཕ་ཡུལ་གྱི་འགྱུར་ལྡོག་གླེང་བཞིན་འབྱུང་འགྱུར་གྱི་འཕེལ་རྒྱས་ལ་རེ་བས་ཁེངས་ཡོད།

  མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ནི་གཙང་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོང་ཁུལ་དུ་གནས་པ་དང་། ས་ཁོངས་ནང་རྨ་ཆུ་དང་འབྲི་ཆུ་གཉིས་ཀ་ཡོད་པས“ཀྲུང་ཧྭའི་ཆུ་མཛོད”ཀྱི་ཆུ་འགོ་གལ་ཆེན་ཞིག་རེད། རྨ་སྟོད་རྫོང་ལ“མཚེའུ་སྟོང་གི་རྫོང”ཞེས་པའི་མཚན་སྙན་ཡོད་ལ། དེ་ནི་མཚོ་སྔོན་ཞིང་ཆེན་གྱི་ས་བབ་མཐོ་ཤོས་ཀྱི་རྫོང་གི་གྲས་ཤིག་དང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟེ་བར་གནས་ཤིང་“ཀྲུང་ཧྭའི་ཆུ་མཛོད”ཀྱི་ལྟེ་བའི་ས་ཁོངས་ཤིག་ཀྱང་རེད།
  དེ་གར་ས་སྐྱེས་རྡོ་སྐྱེས་ཡིན་པའི་རིན་ཆེན་བཀྲ་ཤིས་ཀྱི་ངོས་ནས་བརྗོད་ན། ལས་དོན་ཁག་ནང་གི་གལ་འགངས་ཆེ་ཤོས་ཡིན་འབྱུང་ཁམས་ཀྱི་ལས་དོན་དེ་ཡིན། རིན་ཆེན་བཀྲ་ཤིས་ཀྱིས། ང་ཚོས་ཏང་ཡོན་ལས་བྱེད་པ་དང་འབྲོག་པ་མང་ཚོགས་སྒྲིག་འཛུགས་བྱས་ཏེ་གད་སྙིགས་སྒྲུག་པ་དང་ས་ནག་ཐང་བཅོས་སྐྱོང་བྱེད་པ། ཕྱུགས་བཀག་རྩྭ་གསོ་དང་ཡུལ་མི་གནས་སྤོ། འདམ་ར་སྲུང་སྐྱོང་སོགས་ཀྱི་ལས་དོན་ཏན་ཏིག་ངང་སྤེལ་ནས་ཆུ་ཁུངས་གསོ་ཚད་དང་རྩྭ་ཐང་ཁེབས་ཚད་སོགས་ལོ་བཅུའི་གོང་ལས་ཆེས་ཆེར་འཕར་ཡོད། ཕ་ཡུལ་གྱི་ནམ་མཁའ་སྔར་ལས་གཡའ་དག་པ་དང་རྩྭ་ཐང་སྔར་ལས་སྔོ་རུ་ཕྱིན་པ། མཚེའུ་སྔར་ལས་དྭངས་སུ་ཕྱིན་ནས་དེ་སྔ་མཐོང་དཀོན་པའི་གསའ་དང་ཤྭ་བ། འབྲོང་། ཁྲུང་ཁྲུང་སྐེ་ནག་བཅས་གཙང་གསུམ་འབྱུང་ཡུལ་དུ་སླར་ཡང་ཐོན་ཡོད་ཅེས་ཕ་ཡུལ་གྱི་མཛེས་ལྗོངས་བཀོད་རིས་མི་རྣམས་ཀྱི་མིག་གི་སྟོན་མོར་བཤམས་ཡོད། 
  འབྱུང་ཁམས་ཁོར་ཡུག་བཟང་པོ་དེ་འབྲོག་པ་མང་ཚོགས་ཀྱི་སྲུང་སྐྱོང་གང་ལེགས་བྱས་པ་དང་ཁ་འབྲལ་ཐབས་མེད། གཙང་གསུམ་འབྱུང་ཡུལ་གྱི་འབྲོག་པ་མང་པོ་ཞིག་སྲོལ་རྒྱུན་གྱི་ཕྱུགས་འཚོ་མཁན་ནས་འབྱུང་ཁམས་དོ་དམ་པར་གྱུར་ཡོད། རིན་ཆེན་བཀྲ་ཤིས་ཀྱིས། ངའི་ཉེ་འགྲམ་གྱི་མང་ཚོགས་ཁྲོད་ལས་འབྱུང་ཁམས་སྤྱི་ཕན་རང་བཞིན་གྱི་ལས་གནས་གཉེར་མཁན་ཡོད་པ་དང་། མང་ཚོགས་ཚོས་ཕྱོགས་གཅིག་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྲུང་སྐྱོང་བྱེད་པ་དང་ཕྱོགས་གཞན་ཞིག་ནས་ད་དུང་ཡོང་འབབ་འཕར་མ་རག་གི་ཡོད་པས་དགའ་སྤྲོ་འཕེལ་བ་མ་ཟད། འབྱུང་ཁམས་སྲུང་སྐྱོང་གི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་ཡང་འཕེལ་ཡོད་ཅེས་གསུངས་པ་རེད།
  རྨ་སྟོད་རྫོང་ནི་འབྲོག་ལས་རྐྱང་པའི་རྫོང་ཞིག་རེད། རིན་ཆེན་བཀྲ་ཤིས་ཀྱིས། ལོ་བཅུའི་གོང་ཙམ་ལ་ད་དུང་སྲོལ་རྒྱུན་གྱི་འབྲོག་ལས་ཐོན་སྐྱེད་ལ་བརྟེན་ནས་ཁྱིམ་ཚང་གཅིག་གི་འཚོ་བ་སྐྱེལ་དགོས་ཀྱི་ཡོད་ལ། ལོ་གཅིག་གི་ཡོང་འབབ་དེ་ཙམ་མེད་པས་ལྟོ་གོས་ཙམ་ལས་ཐག་གཅོད་བྱེད་དཀའ། ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་ཀྱི་དབུལ་སྒྲོལ་འགག་གཏོར་དང་གྲོང་གསེབ་དར་རྒྱས་གཏོང་བའི་སྲིད་ཇུས་བརྒྱུད་འབྲོག་ལས་ཐོན་སྐྱེད་ལ་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། སྔོན་ཆད་གནམ་ལ་བརྟེན་ནས་ཕྱུགས་རིགས་གསོ་བའི་གཉེར་སྐྱོང་བྱེད་སྟངས་གཞི་ཁྱོན་ཅན་དང་རྩ་འཛུགས་ཅན་དུ་གྱུར་ཡོད། ལོ་འདི་དག་ནང་ནོར་ལུག་ཚང་མར་སྡོད་གནས་ཡོད་པ་དང་འབྲོག་པས་ད་དུང་བརྙན་ལམ་ནས་ནོར་ལུག་འཚོ་སྐྱོང་བྱས་ཆོག་གི་ཡོད་ཅེས་གསུངས།

  རྨ་སྟོད་རྫོང་ལ་རི་ཆུ་ཀླུང་གསུམ་གྱི་མཛེས་ལྗོངས་དང་ཡིད་འོང་ལྟ་ན་སྡུག་པའི་མཚེའུ་ཡོད་པས། དེ་ལ་བརྟེན་ནས་ལྗང་མདོག་ཞིང་འབྲོག་ལས་འཕེལ་རྒྱས་གཏོང་བ་དང་དུས་མཚུངས་ས་གནས་དེ་གས་རྨ་ཆུའི་ཆུ་འགོ་སྟེ་གླང་མགོའི་རྡོ་རིང་དང་དུང་དཀར་མཚོ་ནག་སོགས་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས། ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཡུལ་ལྗོངས་ཀྱིས་དམངས་འཚོར་ཕན་པ་བསྐྲུན་པ་དང་། མང་ཚོགས་ཀྱི་ཡོང་འབབ་མང་དུ་ཕྱིན་པ། འཚོ་བ་སྔར་ལས་ལེགས་སུ་ཕྱིན་ཡོད།
  རྨ་སྟོད་རྫོང་ཙམ་མ་ཟད། མགོ་ལོག་ཁུལ་དང་ཐ་ན་མཚོ་སྔོན་ཞིང་ཆེན་དུ་ས་མཐོའི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་འགྲོ་བཞིན་ཡོད། དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་ལ་སྲུང་སྐྱོང་ཡག་པོ་བྱས་ཚེ། གཞི་ནས་གསེར་རི་དངུལ་རི་ཡོང་ཐུབ་པ་མ་ཟད། འབྱུང་ཁམས་བཅོས་སྐྱོང་ལས་གངས་ལྗོངས་ཀྱི་མཛེས་རིས་ལ་མི་དེ་བས་མང་བས་རེ་སྒུག་བྱེད་ཀྱི་ཡོད།
  རིན་ཆེན་བཀྲ་ཤིས་ཀྱིས། མགོ་ལོག་ཁུལ་ནི་ཡུལ་སྐོར་ཐོན་ཁུངས་བཟང་བའི་ཁུལ་ཞིག་ཡིན་ལ། འབྱུང་ཁམས་ཁོར་ཡུག་ཉམས་ཞན་ཁུལ་ཞིག་ཀྱང་ཡིན་པས། འབྱུང་ཁམས་སྲུང་སྐྱོང་སྔོན་ལ་འཇོག་པའི་འཐབ་ཇུས་དོན་འཁྱོལ་བྱས་ཏེ་འབྱུང་ཁམས་ཀྱི་མཐའ་ཚད་བརྟན་སྲུང་དང་། སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཚན་རིག་དང་མཐུན་པའི་ངང་གསར་སྤེལ་འོས་འཚམ་བཅས་བྱས་ཏེ་འབྱུང་ཁམས་ཡུལ་སྐོར་ལེགས་བསྡུས་ཅན་དང་ཐཱན་ཉུང་ཅན། ལྗང་མདོག་ཅན་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཅེས་གསུངས་པ་རེད། 
རྩོམ་སྒྲིག་པ། སངས་སྐྱབས།