ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཨུ་ཡོན་ཁོང་གིས་བོད་ལུགས་གསོ་རིག་གི་རྩ་བ་ཀྲུང་གོར་ཡོད་ཅེས་གསུངས།

སྤེལ་དུས 2023-03-13 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
    སྨིན་སྐྱིད་མཚོ་མོས་རང་ཉིད་ཀྱི་ཚེ་གང་གི་སེམས་ནུས་ཡོད་རྒུ་བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་ཐད་འཇོག་གནང་མཛད་ཡོད།  
   ལོ་13ལ་སླེབས་སྐབས་སྨིན་སྐྱིད་མཚོ་མོ་བོད་ལུགས་གསོ་རིག་དང་བོད་སྨན་གྱི་རིག་ཚན་དང་ཐོག་མའི་འབྲེལ་འདྲིས་བྱུང་ཡོད། སྐབས་དེ་དུས་ནི་དགའ་ཞེན་ཙམ་རེད། ནམ་ཞིག་ཁོང་གིས་རྒྱལ་སྤྱིའི་གར་སྟེགས་ཐོག་རིག་གཞུང་ཏན་ཏིག་དང་། དབང་གྲགས་ལྡན་པའི་སྐད་སྒྲ། གདིང་ཤུགས་ཆེན་པོ་བཅས་ཀྱི་ཐོག་ནས་འཛམ་གླིང་ལ་བོད་ལུགས་གསོ་རིག་དང་བོད་སྨན་ནི་ཀྲུང་གོའི་བོད་ལྗོངས་ནས་དར་བ་དང་། ཀྲུང་གོའི་བོད་ལྗོངས་ལ་གཏོགས་པ། ཡང་སྒོས་སུ་ཀྲུང་གོའི་བོད་ལྗོངས་སུ་དར་སྤེལ་དང་རྒྱུན་འཛིན་བྱེད་ཐུབ་ངེས་རེད་ཅེས་བརྗོད་པའི་བསྐལ་བ་བཟང་པོ་ཐོབ་པ་ནི་ཁོང་གི་ཡིད་ལ་འཆར་མྱོང་མེད།
     ད་ལྟ་སྨིན་སྐྱིད་མཚོ་མོ་བོད་ལྗོངས་བོད་ལུགས་གསོ་རིག་དང་བོད་སྨན་ཚན་ཁག་གི་དགེ་རྒན་ཆེ་མོ་བ་གཞོན་པ་དང་། སྐབས་བཅུ་བཞི་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། རྒྱལ་ཁབ་རིམ་པའི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་བཅས་ཀྱི་འགན་བཞེས་བཞིན་ཡོད། 
ཨུ་ཡོན་སྨིན་སྐྱིད་མཚོ་མོས་མི་དམངས་ཚོགས་ཁང་ཆེ་མོའི་མདུན་དུ་བསྐྱོན་པའི་དྲན་རྟེན་འདྲ་པར།
      ཆུང་དུས་སྨིན་སྐྱིད་མཚོ་མོའི་དྲན་ཤེས་ཧ་ཅང་ཡག་པོ་ཡོད་ཅིང་། སྐད་ཀྱི་སྒྲ་གདངས་མཐོ་པོ་མེད་ཀྱང་ཁོང་གི་ཁྱད་དུ་འཕགས་པའི་བློ་འཛིན་ནུས་པར་སློབ་གྲོགས་དང་དགེ་རྒན་ཚོས་ཧང་སངས་ནས་ཡིད་སྨོན་བྱེད་ཀྱི་ཡོད། ལྷག་དོན་དུ་བོད་རང་སྐྱོང་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭར(སྔོན་མའི་བོད་ལྗོངས་བོད་ལུགས་གསོ་རིག་དང་བོད་སྨན་སློབ་ཆེན)སློབ་སྦྱོང་གནང་རིང་ཁོང་གིས་དབུགས་ཐེངས་གཅིག་གིས《རྒྱུད་བཞི》ནང་གི《རྩ་རྒྱུད》དང་།《བཤད་རྒྱུད》《མན་ངག་རྒྱུད》བཅས་བློ་འཛིན་སྐྱོར་སྦྱངས་གནང་ཐུབ་ཡོད། ཁོང་ནི་སྡུག་རུས་ཆེན་པོས་རིག་པའི་གནས་ལ་གཞོལ་མཁན་སློབ་མ་ཞིག་ཡིན། སློབ་གྲྭར་སྐྱོད་རིང་སྨིན་སྐྱིད་མཚོ་མོས་སྐོམ་པ་ཆུ་འདོད་ལྟར་བོད་ལུགས་གསོ་རིག་དང་བོད་སྨན་སྐོར་གྱི་དཔེ་དེབ་མང་པོ་ལྟ་ཀློག་གནང་བ་དང་། མི་ཤེས་པ་དང་མི་རྟོགས་པའི་ཤེས་བྱ་འཕྲད་དུས་དང་། དགེ་རྒན་དང་བསམ་འཆར་མི་མཐུན་པའི་སྐབས་སུ་ཁོང་གིས་རིག་པས་ཁུངས་སྐྱེལ་ཐོག་ནས་ཡང་དག་པའི་ལན་ཞིག་འཚོལ་གནང་གྱི་ཡོད། 
     སློབ་མཐར་ཕྱིན་པའི་རྗེས་སྨིན་སྐྱིད་མཚོ་མོ་གཞི་རིམ་གྱི་སྨན་བཅོས་ལས་དོན་པ་ཞིག་ཏུ་གྱུར་ཡོད།
     དུས་ཚོད་དེའི་རིང་སྨིན་སྐྱིད་མཚོ་མོས་བོད་ལྗོངས་ཀྱི་ཞིང་འབྲོག་ཁུལ་གྱི་གྲོང་ཚོ་60ལྷག་ཙམ་ལ་ཕེབས་ནས་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་གྱི་ཆ་རྐྱེན་ལེགས་སུ་གཏོང་རྒྱུ་དེ་ཁ་ཚ་དགོས་གཏུག་གི་བྱ་བ་ཞིག་རེད་ཅེས་གསུངས་པ་དང་། ཁོང་གིས་གནས་ཚུལ་དེ་དག་ལ་འགྱུར་ལྡོག་གཏོང་ཆེད་ཅི་ནས་ཀྱང་འབད་བརྩོན་བྱ་དགོས་པའི་ཐུགས་ཐག་བཅད་ཡོད། 

ཨུ་ཡོན་སྨིན་སྐྱིད་མཚོ་མོས་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་བ། 
      ཕྱིས་སུ་སྨིན་སྐྱིད་མཚོ་མོ་མ་ཡུམ་སློབ་གྲྭར་ཕྱིར་ལོག་ནས་རབ་འབྱམས་པའི་སློབ་གནས་ལེན་པར་བསྐྱོད་པ་མ་ཟད་སློབ་མཐར་ཕྱིན་རྗེས་སློབ་གྲྭ་དེ་རང་དུ་དགེ་རྒན་གྱི་ཕྱག་ལས་ནང་ཞུགས་མོད། འོན་ཀྱང་ཁོང་གིས་ཐོག་མར་ཟབ་སྦྱོང་ནང་ཞུགས་པའི་ཐོག་མའི་བསམ་འདུན་བློ་ལ་བརྟན་པོར་ངེས་ཡོད། ཚན་པའི་རྒྱབ་སྐྱོར་འོག་སྤྱི་ལོ2008ལོར་སྨིན་སྐྱིད་མཚོ་མོ་དབྱིན་ཇིར་སློབ་སྦྱོང་དུ་ཕེབས་ནས་སྤྱི་པའི་འཕྲོད་བསྟེན་གྱི་རབ་འབྱམས་པའི་སློབ་གནས་བླངས་ཡོད། རྗེས་སུ་འཇར་མན་གྱི་པེར་ལིན་ཧུང་པའོ་སློབ་ཆེན་ནས་གསོ་རིག་མིའི་རིགས་རིག་པའི་འབུམ་རམས་པའི་སློབ་གནས་ཐོབ་པ་མ་ཟད། དབྱིན་ཇིའི་ཉིའུ་ཅིན་སློབ་ཆེན་དང་ཨོ་སི་ཁྲུ་རི་ཡའི་ཚན་རིག་ཁང་ནས་སྔ་རྗེས་སུ་གསོ་རིག་མིའི་རིགས་རིག་པའི་འབུམ་རམས་པའི་རྗེས་མཐུད་ཞིབ་འཇུག་ནང་ཞུགས་པ་དང་། ཀྲུང་གོ་གསར་པ་དབུ་བརྙེས་ཚུན་གྱི་བོད་ལྗོངས་ཀྱི་རྗེས་མཐུད་འབུམ་རམས་པ་གཉིས་ལྡན་གྱི་བུད་མེད་དང་པོར་གྱུར་ཡོད། 
     ཕྱི་རྒྱལ་དུ་སློབ་སྦྱོང་གནང་བའི་ལོ་11རིང་སྨིན་སྐྱིད་མཚོ་མོས་ཀྲུང་ཧྭ་གསོ་རིག་བང་མཛོད་ནང་གི་བོད་ལུགས་གསོ་རིག་ལ་ལྟ་སྟངས་དེ་བས་མཐོ་བ་འཛིན་གྱི་ཡོད། ཁོང་གིས། རྒྱལ་སྤྱིའི་འཕེལ་རྒྱས་ཁྲོད་བོད་ལུགས་གསོ་རིག་དང་བོད་སྨན་ལ་འཕྲད་པའི་འགྲན་རྩོད་དང་གོ་སྐབས་ང་ཚོས་མཐོང་ཐུབ་པ་བྱེད་དགོས་ལ་བོད་ལུགས་གསོ་རིག་དང་བོད་སྨན་གྱིས་འཛམ་གླིང་ཡོངས་སུ་ཚབ་བྱེད་ཐབས་བྲལ་བའི་གནས་བབ་དང་ནུས་པ་ཐོན་པར་ཡང་དེ་བས་ངོས་འཛིན་ཐུབ་པ་བྱེད་དགོས་ཞེས་གསུངས།
      ཕྱི་རྒྱལ་དུ་སློབ་སྦྱོང་གནང་རིང་སྨིན་སྐྱིད་མཚོ་མོས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་འབྲེལ་ཡོད་རྒྱལ་སྤྱིའི་ཚོགས་འདུ་ཐེངས་མང་གཙོ་སྐྱོང་གནང་ནས། རྒྱལ་སྤྱིའི་ཚོགས་འདུ་དེ་རིགས་ནུབ་ཕྱོགས་རྒྱལ་ཁབ་ཀྱི་རིག་གནས་པས་གཙོ་སྐྱོང་བྱེད་པའི་རྣམ་པར་འགྱུར་ལྡོག་བཏང་བ་མ་ཟད། དབྱིན་ཡིག་ཐོག་ནས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་འབྲེལ་ཡོད་དཔེ་དེབ་དང་དཔྱད་རྩོམ་ཁྱབ་བསྒྲགས་གནང་བས། རྒྱལ་སྤྱིའི་ཐོག་གི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་འབྲེལ་ཡོད་ཞིབ་འཇུག་གྲུབ་འབྲས་ཀྱི་སྟོང་ཆ་བསྐངས་པ་དང་ཕུན་སུམ་ཚོགས་སུ་བཏང་ཡོད།
     ཚོགས་འདུའི་ཐོག་མ་རུང་ཁོག་བཅངས་བྱེད་མཁན་གྱིས་གཏམ་བརྗོད་མི་བདེན་པར་བརྟེན་ནས་རང་རྒྱལ་གྱི་བོད་ལུགས་གསོ་རིག་དང་བོད་སྨན་འཕེལ་རྒྱས་ལ་དམའ་འབེབས་དང་རྫུན་བཟོ་བྱེད་སྐབས། སྨིན་སྐྱིད་མཚོ་མོས་རྟག་ཏུ་གྲངས་གཞི་རེ་རེ་དང་ཀྲུང་གོའི་བོད་ལུགས་གསོ་རིག་དང་བོད་སྨན་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐོག་ནས་དཀྲོག་གཏམ་དེ་དག་ཐལ་བའི་རྡུལ་དུ་བརླག་པར་གནང་གི་ཡོད། 
     ཞི་དུལ་ལ་ངག་འཇམ་པའི་བུད་མེད་དེར་གཞན་ཡུལ་དུ་ཉེན་ཁ་འཕྲད་པར་མི་སྐྲག་གམ་ཞེས་འདྲི་སྐབས། སྨིན་སྐྱིད་མཚོ་མོས་ཚིག་ཐག་ཆོད་པོས་ང་ཡི་རྒྱབ་ཏུ་མེས་རྒྱལ་ཡོད། འདི་ནི་ངའི་གདིང་ཤུགས་ཡིན་ཞེས་གསུངས།
     ཕྱི་རྒྱལ་དུ་སློབ་སྦྱོང་གནང་ནས་སློབ་མཐར་ཕྱིན་རྗེས། རྒྱལ་ཁབ་མང་པོས་སྨིན་སྐྱིད་མཚོ་མོ་གདན་དྲངས་ནས་ཕྱི་རྒྱལ་དུ་བོད་ལུགས་གསོ་རིག་དང་བོད་སྨན་ལ་མུ་མཐུད་ཞིབ་འཇུག་གནང་རྒྱུའི་རེ་བ་ཞུས་ཡོད། ཐོབ་སྐལ་གྱ་ནོམ་པ་དང་ཆ་རྐྱེན་འཛོམས་པོ་ཡོད་པའི་གདན་ཞུ་དག་སྨིན་སྐྱིད་མཚོ་མོས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་དང་ལེན་གནང་མེད། ཁོང་གིས་ང་རང་ཀྲུང་གོའི་བོད་ལྗོངས་སུ་ལོག་རྒྱུ་ཡིན། བོད་ལུགས་གསོ་རིག་དང་བོད་སྨན་རིག་པའི་རྩ་བ་གནས་དེར་ཡོད་ཅེས་གསུངས།
     བོད་ལྗོངས་སུ་ཕྱིར་ལོག་གནང་རྗེས་སྨིན་སྐྱིད་མཚོ་མོས་ལོ་རྒྱུས་རང་བཞིན་གྱི་དུས་སྐབས་ཤིག་བསུས་ཤིང་། སྤྱི་ལོ་2014ལོར་བོད་རང་སྐྱོང་ལྗོངས་ཀྱིས་བོད་ལུགས་གསོ་རིག་དང་བོད་སྨན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ལ་རེ་ཞུ་བྱེད་པའི་མཚོན་བྱེད་བརྩམས་ཆོས་ཀྱི་མིང་ཐོ་དེ་ཉིན་རེའི་གྲོས་རིམ་ནང་བཅུག་ཡོད། སྤྱི་ལོ་2016ལོའི་ལོ་མཇུག་ཏུ་བོད་ལུགས་གསོ་རིག་དང་བོད་སྨན་རྣམ་གྲངས་དེ་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་ཤུལ་བཞག་ནང་རེ་ཞུ་བྱེད་པའི་ལས་དོན་སྤེལ་འགོ་ཚུགས་ཡོད། 
     དེ་རྗེས་དཀའ་ངལ་དང་བར་ཆད་སྣ་ཚོགས་བརྒྱུད་ཅིང་། ལོ་གཉིས་ལྷག་ཙམ་རིང་ཉིན་མཚན་མེད་པར་བཟོ་བཅོས་ཡང་ཡང་བརྒྱབ་རྗེས། སྤྱི་ལོ2018ལོའི་ཟླ་11ཚེས་28ཉིན་བོད་ལུགས་གསོ་རིག་གི་ལུམས་བཅོས་དེ་ མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས《མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་བརྩམས་ཆོས་མིང་གཞུང》ནང་བཅུག་ཡོད།  འཛམ་གླིང་མངོན་མིན་རིག་གནས་ཤུལ་བཞག་ལ་རེ་ཞུ་བྱེད་པའི་བརྒྱུད་རིམ་ལ་ཕྱིར་དྲན་གནང་དུས། སྨིན་སྐྱིད་མཚོ་མོས་མིག་ལ་མཆི་ཞག་འཁོར་བཞིན་དུ་ང་ཚོའི་ལས་རོགས་གཅིག་རེ་ཞུ་བྱེད་པའི་ཉིན་དེར་དཀའ་ལས་ཁག་དྲགས་ནས་འགྱེལ་ཡོད། འོན་ཀྱང་ཤུལ་བཞག་རེ་ཞུ་ལེགས་འགྲུབ་བྱུང་བ་ཐོས་སྐབས། བྱས་པའི་ལས་ལ་འབྲས་བུ་སྨིན་པའི་མྱོང་ཚོར་བྱུང་ཞེས་གསུངས།
     དུས་དང་རྣམ་པ་ཀུན་ཏུ་སྨིན་སྐྱིད་མཚོ་མོས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་སློབ་ཁྲིད་ཞིབ་འཇུག་དང་ནད་ཐོག་སྨན་བཅོས་ལས་དོན་ནང་ཧུར་ཐག་ཞུགས་ནས། ཞིབ་འཇུག་སློབ་མ་ཕུལ་དུ་བྱུང་བ་མང་པོ་གསོ་སྐྱོང་གནང་བ་དང་ནད་པ་མང་པོ་སྐྱོབ་བཅོས་གནང་ཡོད། ཁོང་གིས། ང་རང་མི་ཡུལ་ལ་ཉིན་གཅིག་བསྡད་ཚེ་ང་རང་གིས་རང་ནུས་གང་ཡོད་བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་འཕེལ་རྒྱས་ཀྱི་ཆེད་དུ་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་གསུངས།
     འདི་ལོ་གསར་དུ་བསྐོ་གཞག་བྱས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཞིག་ཡིན་པའི་ངོས་ནས།  སྨིན་སྐྱིད་མཚོ་མོས《བོད་ལུགས་གསོ་རིག་གི་རྒྱལ་སྤྱིའི་རིག་གཞུང་སྤེལ་རེས་དང་ཤེས་ལྡན་མི་སྣ་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་གྲོས་གཞི》ཕུལ་ཡོད། བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་གྲངས་གཞིའི་མཛོད་ཀྱི་ལམ་ལུགས་དེ་བས་འཐུས་སྒོ་ཚང་དུ་བཏང་སྟེ་རྒྱལ་སྤྱིའི་སྤྱི་ཚོགས་ཐོག་ཀྲུང་གོའི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་སྐད་ཆ་ཤོད་དབང་དང་ཤུགས་རྐྱེན་ཆེ་རུ་གཏོང་ཐུབ་པའི་རེ་བ་ཡོད་ཅེས་གསུངས་འདུག
རྩོམ་སྒྲིག་པ། སངས་སྐྱབས།