ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཨུ་ཡོན་གྱིས་བོད་ལྗོངས་ཀྱི་གྲོང་གསེབ་དར་རྒྱས་ལ་ལེགས་སྐྱེས་ཕུལ།

སྤེལ་དུས 2023-03-14 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
          ཟླ3པའི་ཚེས5ཉིན་གྱི་ཕྱི་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་ཅང་སུའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས། ཞིང་ལས་སྟོབས་ཆེའི་རྒྱལ་ཁབ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་གྱི་རྨང་གཞི་ཞིག་དང་ཞིང་ལས་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་ནི་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་རེད། ཐོན་ལས་དར་རྒྱས་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་གཏོང་རྒྱུའི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་ཞིང་ལས་ཀྱི་ཐོན་ལས་འབྲེལ་ཐག་སྣུར་བསྲིང་དང་རྒྱ་སྐྱེད་ཧུར་ཐག་གཏོང་བ་དང་། གྲོང་གསེབ་ཀྱི་ཐོན་ལས་གསར་པ་དང་ལས་རྣམ་གསར་པ་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བ། ཞིང་པའི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་བ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         “དམངས་ཀྱི་རེ་བ་དང་སྲིད་སྐྱོང་གི་ཁ་ཕྱོགས” སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལས་འགན་དཀའ་ཚེགས་ཆེ་ཤོས་ནི་སྔར་བཞིན་གྲོང་གསེབ་ཏུ་གནས་ཡོད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཞིང་ལས་སྟོབས་ཆེའི་རྒྱལ་ཁབ་བསྐྲུན་རྒྱུའི་དམིགས་ཚད་གཏན་འཁེལ་བྱེད་པར་ཇི་ལྟར་བྱས་ཏེ་ཚན་རིག་དང་མཐུན་པའི་ངང་ཞིང་གསུམ་ལས་དོན་ལ་ཇུས་འགོད་དང་སྐུལ་འདེད་གཏོང་དགོས་སམ། མི་དམངས་དྲ་བའི་ཐོག་སྤེལ་བའི2023ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་བརྟག་དཔྱད་ཁྲོད“གྲོང་གསེབ་དར་རྒྱས”ཞེས་པ་གླེང་མང་བའི་དོན་གནད་བཅུའི་ནང་ཚུད་པ་དང་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་དེ་འཐུས་མི་དང་ཨུ་ཡོན་ཚོའི་གླེང་མང་བའི་གླེང་གཞིར་གྱུར་ཡོད།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཨུ་ཡོན་བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་ཞིང་ལས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་གཞོན་པ་ཟླ་བ་དོན་གྲུབ།
           གཟེངས་སུ་ཐོན་པའི་གྲུབ་འབྲས་ལས་མི་སེམས་ལ་སྔར་བས་སྐུལ་ལྕག་ཐེབས་པ།
          “འབྲུ་རིགས་ཐོན་འབབ་ལོ་བསྟུད་མར་རྒྱ་མ་དུང་ཕྱུར་ཁྲི1.3ཡན་བརྟན་པོ་བྱུང་བ”དང་། “ཞིང་ལས་སྐྱེ་དངོས་འདེབས་བསྡུའི་ཕྱོགས་བསྡུས་འཕྲུལ་ཆས་ཅན་དུ་འགྱུར་ཚད67%ནས73%བར་མཐོ་རུ་ཕྱིན་པ”“གྲོང་གསེབ་ཀྱི་མི་འབོར་དབུལ་པོ་དུང་ཕྱུར1ཙམ་དབུལ་སྒྲོལ་ཐུབ་པ”སོགས་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་འདས་ཟིན་པའི་ལོ5ཡི་རིང་རང་རྒྱལ་གྱི་ཞིང་ལས་དང་གྲོང་གསེབ་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་རིགས་བརྒྱུད་རིམ་ལྡན་པའི་སྒོ་ནས་ཕྱིར་དྲན་བྱས་ཡོད།
         “ད་ཐེངས་ཀྱི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་ཞིང་ལས་དང་གྲོང་གསེབ། ཞིང་གསུམ་ལས་དོན་སྐོར་གྱི་ནང་དོན་མང་པོ་བཏོན་ཡོད་པ་དཔེར་ན། འབྲུ་རིགས་ཐོན་སྐྱེད་བརྟན་དུ་གཏོང་བ་དང་། གྲོང་གསེབ་དར་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་བ། གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ། ཞིང་པའི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་ཆེར་གཏོང་བ”སོགས་རེད།  རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཨུ་ཡོན་བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་ཞིང་ལས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་གཞོན་པ་ཟླ་བ་དོན་གྲུབ་ཀྱིས་ད་ཐེངས་ཀྱི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ཞིབ་ཀློག་ནན་ཏན་བྱས་རྗེས་སྐུལ་ལྕག་ཆེན་པོ་ཐེབས་པ་དང་སྙིང་སྟོབས་རབ་ཏུ་འཕེལ་ཡོད། ཟླ་བ་དོན་གྲུབ་ཀྱིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས“ཞིང་གསུམ”གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་ཏང་ཡོངས་ཀྱི་ལས་ཀའི་གལ་ཆེན་ནང་གི་འགངས་ཆེན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་པས་མིའི་རིགས་ཀྱི་ལོ་རྒྱུས་ཐོག་སྔར་ན་མེད་པའི་གཞི་ཁྱོན་དང་། སྟོབས་ཤུགས་ཆེ་ཤོས། ཕན་པ་ཐོབ་པའི་མི་འབོར་མང་ཤོས་བཅས་ཀྱི་དབུལ་བྲལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་དང་། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་འགོ་ཚུགས་པ། ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་རྒྱུར་སྐུལ་འདེད་གཏོང་བ་བཅས་ལས་ལས་དོན་ཁག་དང་ལྷག་པར་དུ་དཔལ་འབྱོར་འཛུགས་སྐྲུན་དང་གྲོང་གསེབ་དར་རྒྱས་སོགས་ཀྱི་ཐད་གྲུབ་འབྲས་ཧ་ཅང་ཡག་པོ་ཐོབ་ཡོད་ཅེས་གསུངས་པ་རེད།
        “ས་བོན་ཆུང་ངུའི”ལེགས་སྐྱེས་ཕུལ་བའི“སྟོབས་ཤུགས་ཆེན་པོ”
         བོད་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཅུང་རྙོག་འཛིང་ཆེ་ཙམ་ཡོད་ཅིང་། “ནས་ཀྱི་ཐོན་འབབ་བརྟན་པོའི་རང་བཞིན་དང་སྐྱེ་ཁམས་ཁུལ་མི་འདྲ་བའི་འཚམ་མཐུན་རང་བཞིན་དེ་སྐྱེ་དངོས་གཞན་དང་བསྡུར་ན་ཅུང་ཡག་པ་དང་བོད་ལྗོངས་སུ་འདེབས་ཁྱོན་ཆེ་ཤོས་རེད། བོད་རང་སྐྱོང་ལྗོངས་ཀྱི་འབྲུ་རིགས་སྐྱེ་དངོས་ཆེ་གྲས་ཨང་དང་པོ་ཡིན་པའི་བོད་རིགས་མང་ཚོགས་ཀྱིས་ནས་ལ་རྩམ་པ་དང་། ཆང་། གཟན་ཆག་སོགས་བཟོ་བཞིན་ཡོད། བོད་ལྗོངས་ཀྱི་ནས་ཐོན་སྐྱེད་བྱ་རྒྱུ་དེ་བོད་རིགས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་དང་ཐད་ཀར་འབྲེལ་བ་ཡོད་པ་མ་ཟད། རྒྱལ་དམངས་དཔལ་འབྱོར་བརྟན་པོ་དང་འཕེལ་རྒྱས་གཏོང་རྒྱུར་ཡང་དོན་སྙིང་གལ་ཆེན་ལྡན་ཡོད”ཅེས་ཟླ་བ་དོན་གྲུབ་ཀྱིས་གསུངས། 
         ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རྒྱབ་སྐྱོར་འོག་བོད་རང་སྐྱོང་ལྗོངས་ཀྱིས་ཞིང་འབྲོག་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་མུ་མཐུད་དུ་གཏིང་ཟབ་བཏང་ནས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་ཡོད། ཟླ་བ་དོན་གྲུབ་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། མ་དངུལ་གཏོང་ཤུགས་ཆེ་རུ་བཏང་བ་དང་རྨང་གཞིའི་སྒྲིག་བཀོད་ལེགས་སུ་བཏང་བ་བརྒྱུད། བོད་རང་སྐྱོང་ལྗོངས་ཀྱི་ཚད་གཞིའི་ས་ཞིང་སྒྱུར་བཀོད་ལ་འཕེལ་རྒྱས་ཆེན་པོ་བྱུང་ནས་ད་ཆ་མུའུ་ཁྲི400ཙམ་ཟིན་ཞིང་། དེའི་ནང་ནས་ཀྱི་སོན་བཟང་ཁྱབ་གདལ་གཏོང་ཁྱོན་མུའུ་ཁྲི200ལས་བརྒལ་ཡོད་པ་རེད། དུས་མཚུངས་སུ། རྒྱལ་ཁབ་ཀྱིས་རྨང་གཞིའི་ཚན་རིག་ཞིབ་འཇུག་ལ་མ་དངུལ་འཇོག་ཚད་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་བ་དང་། ཞིང་འབྲོག་ལས་ཀྱི་དེང་རབས་ཅན་གྱི་ཐོན་ལས་མ་ལག་གིས་ཚན་རྩལ་གྱི་ཆེད་དོན་རྣམ་གྲངས་གལ་ཆེན་ལ་བརྟེན་ནས་འདེགས་སྐྱོར་བྱས་པས། ཞིང་ལས་ཁྱབ་ཁོངས་ཀྱི་ཞིབ་འཇུག་ལ་སྲིད་ཇུས་ནས་གྲོན་དངུལ་བར་འགན་སྲུང་ཧ་ཅང་ཡག་པོ་བྱས་ཡོད། འདིས་བོད་ལྗོངས་ཀྱི་འདེབས་འཛུགས་ལས་རིགས་ཀྱི་ཚན་རྩལ་དར་རྒྱས་གཏོང་བར་སྐུལ་འདེད་ཤུགས་ཆེན་བཏང་ཡོད།
         ཚན་ཞིབ་པ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་པ།
         ནས་འདེབས་མཁན་འབུམ་རབས་པ་ཉི་མ་བཀྲ་ཤིས་ཀྱི་སློབ་མ་ཟླ་བ་དོན་གྲུབ་ཀྱིས་དགེ་རྒན་གྱི་ས་ནས་ཆེད་ལས་ཀྱི་ཤེས་བྱ་སྦྱངས་པ་མ་ཟད། ད་དུང་དཀའ་སྤྱད་ལས་སྒྲུབ་དང་རང་འགན་གཙང་སྒྲུབ་ཀྱི་ཆེད་ལས་བྱང་ཚད་ཀྱང་ཤེས་ཀྱི་ཡོད།
         མིག་སྔར་བོད་རང་སྐྱོང་ལྗོངས་ནི་གཙོ་བོ་དཔྱིད་ནས་གཙོ་བོར་བྱེད་པ་དང་དགུན་དུས་ནས་ཀྱི་རྒྱ་ཁྱོན་ཅུང་ཆུང་བ་ཡོད། ས་བབ་མཐོ་ཚད་སྨི3800ཡན་གྱི་ཞིང་ཁུལ་དུ་དཔྱིད་ནས་ཁོ་ན་འདེབས་ཀྱི་ཡོད་པས་དགུན་དུས་ས་ཆས་ཁོར་ཡུག་སྲུང་སྐྱོང་ལ་ཕན་པ་མེད་ལ་ནས་ཀྱི་ཐོན་འབབ་དང་སྤུས་ཀར་ཡང་ཤུགས་རྐྱེན་ཐེབས་ཀྱི་ཡོད། དགུན་དུས་ནས་ཀྱི་ཐོན་ཚད་དཔྱིད་ནས་ལས་མཐོ་བ་མ་ཟད། དགུན་དུས་ཀྱི་ས་ཆུ་སྲུང་འཛིན་དང་སྐྱེ་ཁམས་ལེགས་སུ་གཏོང་རྒྱུར་ཡང་ཕན་པ་ཡོད།“གལ་སྲིད་དགུན་དུས་ནས་འདེབས་ཁྱོན་ཆེ་རུ་བཏང་ཚེ་ཐོན་ཚད་དང་སྤུས་ཚད་མཐོ་རུ་གཏོང་ཐུབ་པ་མ་ཟད། ཐོན་སྐྱེད་བྱས་རྗེས་བསྐྱར་འདེབས་ལས་དོན་ལ་སྐུལ་ཁྲིད་ཐུབ་ནས་ལོ་གཅིག་ནང་བརྔ་བསྡུ་ཐེངས་གཉིས་བྱས་ནས་ཡོང་འབབ་ཆེ་ཤོས་ཡོང་བ་བྱེད་ཐུབ” ཅེས་ཟླ་བ་དོན་གྲུབ་ཀྱིས་གསུངས།
         ཟླ་བ་དོན་གྲུབ་ཀྱི་ཚོགས་པས་མིག་སྔར་བོད་ལྗོངས་ཀྱི་དགུན་དུས་ནས་ཀྱི་སོན་བཟང་སྤེལ་རྒྱུར་ཞིབ་འཇུག་བྱེད་བཞིན་ཡོད་པ་དང་། དེའི་གྲང་ཐུབ་རང་བཞིན་དང་སྔ་སྨིན་རང་བཞིན་གཙོ་གནད་ཐོག་ལེགས་སུ་གཏོང་བ། ཚད་བརྒལ་རང་བཞིན་གྱི་སོན་བཟང་འདེབས་གསོ་བྱེད་པ། སོན་བཟང་བཀོད་སྒྲིག་བྱེད་སྟངས་ལེགས་སུ་གཏོང་བ། འདེབས་འཛུགས་ལས་རིགས་ཀྱི་གྲུབ་ཆ་ལེགས་སྒྲིག་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་འདེབས་ཁྱོན་རྒྱ་ཆེ་རུ་གཏོང་གང་ཐུབ་བྱེད་ཀྱི་ཡོད།
         “རྒན་ཉི་མ་བཀྲ་ཤིས་ལ་རེ་བ་ཞིག་ཡོད། ཁོང་གིས་ང་ཚོས་ལོ10དང་ལོ15མཐའ་འཁྱོངས་ཀྱིས་དགུན་དུས་ནས་ཀྱི་སོན་འདེབས་གསོ་དང་བསྐྱར་འདེབས་ལས་དོན་ཡག་པོ་བསྒྲུབས་ནས་དགུན་དུས་ནས་ཐོན་སྐྱེད་ཀྱི་ལེགས་ཆ་འདོན་སྤེལ་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད། དེ་ནི་ང་ཚོས་སླད་ཕྱིན་སྒྲུབ་དགོས་པའི་ལས་དོན་དངོས་ཡིན་ལ་དགེ་རྒན་ཉི་མ་བཀྲ་ཤིས་ཀྱི་སྙིང་སྟོབས་རྒྱུན་འཛིན་བྱ་རྒྱུ་དེ་ཡིན”ཟླ་བ་དོན་གྲུབ་ཀྱིས་སེམས་འགུལ་ཐེབས་པའི་ངང་བཤད།
         འགན་འཁྲི་ཁུར་ཕོད་པ་དང་རང་འགན་གཙང་སྒྲུབ་བྱེད་པ།
         ཞིང་ལས་ཚན་རིག་ཞིབ་འཇུག་པ་ཞིག་ནས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་བྱེད་པའི་བར་ད་རེས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་སྐབས་ཟླ་བ་དོན་གྲུབ་ཀྱིས་རང་ཉིད་ཀྱི་ཕྲག་ཐོག་གི་འགན་འཁྲི་དེ་བས་ལྕི་བའི་ཚོར་སྣང་ཟབ་མོ་བྱུང་ཡོད། ཁོང་གིས་ཚན་རིག་ཞིབ་འཇུག་བྱེད་པར་ཏན་ཏན་ཏིག་ཏིག་བྱས་ཚེ་གཞི་ནས་རྒྱུན་འཁྱོངས་ལྷོད་མེད་བྱེད་ཐུབ། དུས་དང་རྣམ་པ་ཀུན་ཏུ་རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་རྒྱུན་འཛིན་བྱས་ནས་སྦྱངས་པའི་ཤེས་བྱར་བརྟེན་ནས་གཞི་རིམ་ལ་ཞབས་འདེགས་ཞུ་བ་དང་ཚན་རིག་ཞིབ་འཇུག་ཁྲོད་ཚད་བརྒལ་ཡོང་བ་བྱས་ཚེ་གཞི་ནས་བྱ་སྤྱོད་དངོས་ཀྱི་ཐོག་ནས་དགེ་རྒན་ཉི་མ་བཀྲ་ཤིས་ལགས་ཀྱི་ཚན་རིག་གི་སྙིང་སྟོབས་རྒྱུན་འཛིན་བྱེད་ཐུབ།
          “རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཞིག་ཡིན་པའི་ངོས་ནས་རང་འཁྲིའི་ལས་ཀ་ཡག་པོ་སྒྲུབ་དགོས་པ་ཕུད་དེ་བས་གལ་འགངས་ཆེ་བ་ཞིག་ནི་ཏང་ཀྲུང་དབྱང་གི་སྲིད་ཇུས་དྲིལ་བསྒྲགས་ཡག་པོ་བྱས་ཏེ་དྲིལ་བསྒྲགས་པ་ཡག་པོ་ཞིག་བྱེད་དགོས་པ་དང་། དུས་མཚུངས་གཞི་རིམ་དུ་བསྐྱོད་ནས་བརྟག་དཔྱད་ཞིབ་འཇུག་བྱས་ཏེ་བོད་རང་སྐྱོང་ལྗོངས་ཀྱི་མི་སེར་ཚོས་བརྒྱུད་བསྒྲགས་དང་ཐག་གཅོད་བྱེད་འདོད་པའི་ནང་དོན་འཚོལ་བསྡུ་བྱས་ནས་གྲོས་གཞི་ཡག་པོ་ཞིག་ཆགས་པ་བྱེད་དགོས”ཞེས་འབྱུང་འགྱུར་གྱི་འཆར་གཞི་གླེང་སྐབས་ཟླ་བ་དོན་གྲུབ་ཡིད་ཆེས་ཀྱིས་ཁེངས་ཤིང་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད།
རྩོམ་སྒྲིག་པ། སངས་སྐྱབས།