ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་དགོས།

སྤེལ་དུས 2023-03-21 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
—— བོད་ལྗོངས་ཀྱིས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ།
  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཅང་སུའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས། སློབ་གསོའི་ལས་དོན་པར“ལོ་ངོ་ལྔ་སྟོང་གི་ལོ་རྒྱུས་ལྡན་པའི་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཁྲོད་ནས་ཕུལ་བྱུང་གི་ཆ་བསྡུ་ལེན་བྱེད་མཁས་པོ་བྱེད་པ་དང་དུས་མཚུངས་ནུབ་ཕྱོགས་ཀྱི་ཤེས་དཔལ་གྲུབ་འབྲས་ཀྱང་མི་དོར་བར་གཞོན་ནུ་ལོ་ཆུང་རྣམས‘གདེང་ཚོད་བཞི’ལྡན་པ་ཞིག་ཏུ་གསོ་སྐྱོང་བྱེད་དགོས”ཞེས་སྐུལ་ལྕག་གནང་བ་རེད།
  སློབ་གྲྭ་ནི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་གྱི་ཞིང་ས་གཤིན་པོ་ཞིག་རེད། ལོ་བཅུ་ཕྲག་ཁ་ཤས་རིང་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བོད་ཀྱི་སློབ་གསོར་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་སྟེ་རྒྱལ་ཡོངས་དང་མཉམ་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་ཡོད།
  ནག་ཆུ་གྲོང་ཁྱེར་དམིགས་བསལ་སློབ་གསོའི་སློབ་གྲྭའི་སློབ་སྤྱི་ཚེ་རིང་ལྷ་མོས“ལོ་བརྒྱའི་ཇུས་ཆེན་འགོད་པར་སློབ་གསོ་རྩ་བ་ཡིན། སྤྱི་ཁྱབ་ཧྲུའུ་ཅིས་མི་རིགས་བསྐྱར་དར་གྱི་བྱ་གཞག་ཆེན་པོ་ཕྲག་ཏུ་འཁུར་ཕོད་པའི་དུས་རབས་ཀྱི་མི་གསར་གསོ་སྐྱོང་བྱ་ཆེད་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད” “སློབ་གྲྭའི་རྐང་འཛིན་སྟོབས་ཤུགས་ཡིན་པའི་ངོས་ནས་ངས་སྣེ་ཁྲིད་དེ་སྒྱུར་བཅོས་གསར་གཏོད་དང་འོས་ཤིང་འཚམ་པའི་སློབ་གསོ་དང་སློབ་ཁྲིད་བྱེད་སྟངས་འཚོལ་ཞིབ་བྱས་ནས་རང་མཐོང་དང་། གདེང་སྤོབས། རང་སྟོབས། རང་ཚུགས་བཅས་ལྡན་པའི་སློབ་མ་གསོ་སྐྱོང་དང་། དམིགས་བསལ་སློབ་གསོར་དགའ་བའི་ཆུ་ཚད་མཐོ་བའི་ཆེད་ལས་དཔུང་ཁག་འཛུགས་སྐྱོང་བྱས་ནས་ས་མཐོའི་དམིགས་བསལ་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་གྱི་ཡིན”ཞེས་བཤད།
  2013ལོ་ནས་བཟུང་ཚེ་རིང་ལྷ་མོས་སློབ་ཁྲིད་ཀྱི་དོན་དངོས་ལ་གཞི་ཚུགས་ནས་རིག་གནས་ཤེས་བྱ་སློབ་ཁྲིད་བྱེད་པ་དང་ཆབས་ཅིག་སློབ་མའི་ལས་རིགས་ཀྱི་རྩལ་ནུས་སློབ་གསོ་འཕེལ་རྒྱས་གཏོང་རྒྱུར་སྔར་བས་མཐོང་ཆེན་བྱས་ནས་བསླས་འཐག་དང་། འཚེམ་བཟོ། རྫ་ཆས་སྒྱུ་རྩལ་སོགས་ཆེད་ལས་སློབ་ཚན་བཀོད་སྒྲིག་བྱས་པ་དང་གཅིག་སྡུད་སློབ་ཁྲིད་དང་། དྲག་སྐྱེད་སྦྱོང་བརྡར། ལས་རིགས་སློབ་གསོ་བཅས“ཕྱོགས་གསུམ་གཞི་གཅིག”གི་སློབ་གཉེར་བྱེད་སྟངས་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་སློབ་མའི་ལས་ཞུགས་འཇོན་ཐང་ཆེ་རུ་འགྲོ་བར་སྐུལ་འདེད་བཏང་ཡོད། མིག་སྔའི་བར་སློབ་གྲྭ་དེའི་སློབ་མ་65ལས་ཞུགས་ལས་གཏོད་དང་། གྲལ་སྡོད་མཉམ་སྦྱོང་། སློབ་རིམ་འཕར་བ་བཅས་བྱུང་བ་དང་སློབ་མ་17རྒྱལ་ཡོངས་ཀྱི་དམིགས་བསལ་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་སྐབས་གཉིས་ནང་ཞུགས་ཡོད་པ་རེད།
  དེ་དང་ཆབས་ཅིག་ཚེ་རིང་ལྷ་མོས་ད་དུང་སློབ་གྲྭའི་དོ་དམ་ཐད་ཐབས་སྒྱུར་གོང་འཕེལ་གྱི་འདུ་ཤེས་སྤྱད་དེ་དགེ་རྒན་མི་སྒེར་གྱི་མི་མངོན་པའི་ནུས་པ་སྔོག་འདོན་བྱས་པས་ནག་ཆུའི་དམིགས་བསལ་སློབ་གྲྭའི་དགེ་རྒན་གྱི་གྲངས་འབོར་ཐོག་མའི་17ནས་ད་ཆའི་76བར་མང་དུ་ཕྱིན་པ་དང་། དགེ་རྒན་གྱི་གོ་མིང་དང་ཐོག་གི་མཐོ་རིམ་དགེ་རྒན་གཞོན་པ་1ལས་མེད་པ་ནས་ད་ཆ་མཐོ་རིམ་དགེ་རྒན་གཞོན་པ་15དང་མཐོ་རིམ་དགེ་རྒན་རྒན་པ་1བར་མང་དུ་ཕྱིན་ཡོད། 2022ལོའི་ཟླ་5པར་སློབ་གྲྭས་རིགས་དབྱེ་སློབ་གྲྭ་གཉེར་ནས་ནག་ཆུ་གྲོང་ཁྱེར་དུ་དམིགས་བསལ་སློབ་གསོའི་སློབ་གྲྭ་གཉིས་པ་བཙུགས་པ་རེད།
  ད་ལོའི་རྒྱལ་ཡོངས་ཚོགས་འདུ་གཉིས་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་སློབ་གསོའི་ལས་དོན་པས་གཞོན་ནུ་ལོ་ཆུང་རྣམས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པར་གསོ་སྐྱོང་ཧུར་ཐག་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། ཉེ་བའི་ལོ་ཤས་རིང་། རྒྱལ་རྩེ་རྫོང་གིས་སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་ཐབས་གསར་པ་འཚོལ་ཞིབ་མཐའ་འཁྱོངས་བྱས་པར་གྲུབ་འབྲས་གཟེངས་སུ་ཐོན་པ་ཐོབ་ཡོད། 2022ལོར་རྒྱལ་རྩེ་རྫོང་གི་དམའ་རིམ་སློབ་འབྲིང་གཉིས་ཀྱི་འབྲིང་རྒྱུགས་ལ་སྐར་མ་600ཡན་ལོན་པའི་སློབ་མ་235ཡོད་པ་དང་། རྒྱལ་རྩེའི་མཐོ་རིམ་སློབ་འབྲིང་གི་མཐོ་རྒྱུགས་ལ་རྒྱུགས་འཕྲོད་པའི་སློབ་མ་575ཡོད་ཅིང་། སློབ་མ་བསྡུ་ཚད་100%ཟིན་ཡོད་པ་རེད།
  རྒྱལ་རྩེ་རྫོང་སློབ་གསོ་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཅུས་ཀྲང་བྱམས་པ་དོན་གྲུབ་ཀྱིས“རྒྱལ་རྩེ་རྫོང་སློབ་གསོའི་ཁོངས་གཏོགས་ཀྱིས་ཐོག་མཐའ་བར་གསུམ་དུ་མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་གཉེར་བའི་མཐོ་ཚད་ནས་དངོས་ཐོག་བདེན་འཚོལ་དང་། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན། རྨང་གཞིའི་འཛུགས་སྐྲུན་ལ་ཤུགས་སྣོན་བཅས་བྱས་ཏེ་སློབ་གསོ་སྒྱུར་བཅོས་ལ་སྐུལ་འདེད་དང་སློབ་གཉེར་གྱི་ཆུ་ཚད་མཐོ་རུ་གཏོང་གི་ཡོད” སློབ་གསོ་དར་ན་ཤེས་ལྡན་པ་དར་བ་དང་སློབ་གསོ་དར་ན་རྒྱལ་ཁབ་སྟོབས་ཆེར་འགྲོ་ངེས། གོམ་སྟབས་རྗེས་མའི་ལས་དོན་ལ། ང་ཚོས་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་ཟུང་འབྲེལ་བྱས་ཏེ“སྦྱོང་བ”རྨང་གཞིར་བྱེད་པ་དང་། “རྟོགས་པ”དམ་འཛིན་བྱ་གཞིར་བྱེད་པ། “ལག་ལེན”འགག་རྩར་བརྩི་བ་བཅས་བྱས་ནས་ཏང་གཤིས་བློ་སྦྱོང་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། “ཏང་ལ་མི་གསོ་སྐྱོང་དང་རྒྱལ་ཁབ་ལ་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི”བླ་ན་མེད་པའི་དད་སེམས་བརྟན་པོ་འཛུགས་པ། “བསམ་བློ་ཆབ་སྲིད་ཀྱི་སློབ་ཁང་ཆེན་པོ”དང་། དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་ཚུལ་གསོ་སྦྱོང་། ལས་སྒོའི་འཇོན་ཐང་གསོ་སྦྱོང་སོགས་ཀྱི་ལས་དོན་ཤུགས་ཆེན་སྤེལ་ནས་དགེ་རྒན་དང་ལས་བཟོའི་བསམ་བློའི་བྱང་ཚད་མཐོ་རུ་དང་ལས་སྒོའི་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་རང་ལྗོངས་ཀྱི་སློབ་གསོའི་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་འབུལ་གྱི་ཡིན་ཞེས་བརྗོད།
  “ད་ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱིས་བོད་ཀྱི་ལས་རིགས་ལག་རྩལ་སློབ་གླིང་འཕེལ་རྒྱས་གཏོང་བར་གདེང་ཚོད་སྔར་བས་ཆེ་རུ་བཏང་ཡོད། དེ་ནི་ང་ཚོའི་གོ་སྐབས་རེད་ལ་ང་ཚོའི་འགྲན་སློང་ཡང་རེད་ཅེས་བཤད་ཆོག བོད་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་མཐོ་རིམ་ལས་རིགས་སློབ་གླིང་འབའ་ཞིག་གི་ངོས་ནས། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྔོན་སྤེལ་ཁུལ་སྐྲུན་རིང་། ང་ཚོས་འཛུགས་སྐྲུན་གྱི་དམིགས་ཚད་དེ་ཤེས་རྩལ་འཛོམས་པའི་མི་དང་གྲོང་གསེབ་ཀྱི་ཕྱུག་འགྱུར་འཇོན་ཐང་ཅན་གསོ་སྐྱོང་བྱེད་པར་གཏན་འཁེལ་བྱས་ནས། རྒྱུན་ཆད་མེད་པར་གཞུང་འཁྱོངས་གསར་གཏོད་དང་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས་སྤུས་ཚད་མཐོ་བའི་ཕུལ་བྱུང་རྩལ་ནུས་ཤེས་ལྡན་པ་དེ་བས་མང་བ་གསོ་སྐྱོང་ཧུར་ཐག་བྱས་ནས་རང་ལྗོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་ཡི་ཡིན”ཞེས་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གི་ཡོན་ཀྲང་བསོད་དབང་གིས་བརྗོད། 
རྩོམ་སྒྲིག་པ། སངས་སྐྱབས།