ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ལམ་འདི་ཤར་གཏོང་ཐུབ་རྗེས་ལྷ་ས་ནས་ལྷོ་ཁ་བར་ཆུ་ཚོད1ལས་མི་དགོས།

སྤེལ་དུས 2023-03-23 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
         བོད་ལྗོངས་ཀྱིS5ལམ་ཐིག་སྟེ་ལྷ་ས་ནས་རྩེད་ཐང་བར་གྱི་མྱུར་བགྲོད་ལམ་ཆེན་ལས་གྲྭའི་རྣམ་གྲངས་ནི་ལྷ་ས་དང་ལྷོ་ཁ་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གཙོ་གནད་ལས་གྲྭ་ཞིག་རེད།

         ཉེ་ཆར།  གསར་འགོད་པས་བོད་ལྗོངས་ཀྱིS5ལམ་ཐིག་ལས་གྲྭའི་རྣམ་གྲངས་པུའུ་ནས་རྒྱུས་ལོན་བྱུང་བར། ཟླ3པའི་ཚེས20ཉིན་བར་ལས་གྲྭ་དེའི་ལྷ་ས་དང་ལྷོ་ཁའི་ལམ་དུམ་གྱི་ལམ་གདན་ལས་གྲྭ་ལེགས་འགྲུབ་བྱེད་ཚད100%ཟིན་པ་དང་། རྒོད་དཀར་ལའི་ཕུག་ལམ་གྱི་ཕུག་ལམ་གཙོ་བོའི་གཡོན་ངོས་ཕུག་ལམ་སྤྱི་ལེ12.7183སྔོག་ཟིན་པ་དང་། ཕུག་ལམ་གྱི་སྤྱིའི་རིང་ཚད་ཀྱི99.38%ཟིན་ལ། ཕུག་ལམ་གཙོ་བོའི་གཡས་ངོས་ཕུག་ལམ་སྤྱི་ལེ11.949སྔོག་ཟིན་ཞིང་། ཕུག་ལམ་གྱི་སྤྱིའི་རིང་ཚད་ཀྱི93.42%ཟིན་ཡོད། ལས་གྲྭའི་འཕེལ་རིམ་ལ་གཞིགས་ན། རྒོད་དཀར་ལའི་གཡོན་ངོས་ཕུག་ལམ་ལམ་ཐིག་སྔོན་དཔག་བྱས་ན2023ལོའི་ཟླ3པའི་ཚེས28ཉིན་ཤར་གཏོང་ཐུབ་རྒྱུ་རེད།

         བོད་ལྗོངས་ཀྱིS5ལམ་ཐིག(ལྷ་ས་ནས་རྩེད་ཐང་བར་གྱི་མྱུར་བགྲོད་ལམ)ལས་གྲྭའི་རྣམ་གྲངས་ཀྱིས་ལྷ་ས་གྲོང་ཁྱེར་དང་ལྷོ་ཁ་གྲོང་ཁྱེར་འབྲེལ་མཐུད་བྱས་ཤིང་། དེ་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་བདེ་ཆེན་གྲོང་རྡལ་གྱི་ལྷ་ཉིང་མྱུར་བགྲོད་གཞུང་ལམ་གྱི་འབྲེལ་མཐུད་ལྟེ་གནས་ནས་འགོ་བཙུགས་ཡོད་ལ། འགོ་འཛུགས་སའང་ལྷ་ཉིང་མྱུར་བགྲོད་གཞུང་ལམ་དང་འབྲེལ་མཐུད(འབྲེལ་མཐུད་ལམ་ཐིག་གཙོ་བོ་དང་རྒྱལ་ལམ318འབྲེལ་བ)བྱས་ཡོད། དེ་ཡང་ལྷ་ས་ནས་ལྷོ་ཁ་བར་གྱི་ལམ་རྙིང་བརྒྱུད་རྡོ་གཞོང་ལ་ལུང་ཤུར་བརྒྱུད་དེ་སྙན་དགའ་གྲོང་ཚོ་དང་ཤིང་ཚང་གྲོང་ཚོ་བརྒྱུད་པ་དང་། རྒོད་དཀར་ལ་ཕུག་ལམ་སྒྲོལ་རྗེས་མོ་ནག་ལུང་ཤུར་ནས་ལྷོ་ངོས་སུ་བསྐྱོད་དེ་རྒྱ་མོ་གཞུང་དང་གནས་མགོ་གྲོང་ཚོ་བརྒྱུད་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་བསམ་ཡས་གྲོང་རྡལ་གྱི་གོང་རྩེད་མྱུར་བགྲོད་གཞུང་ལམ་དང་འབྲེལ་བ་དང་། མཐར་གོང་དཀར་གནམ་ཐང་ནས་རྩེད་ཐང་བར་གྱི་ཆེད་སྤྱོད་གཞུང་ལམ་དང་འབྲེལ་ཡོད། ལམ་ཐིག་ཧྲིལ་པོའི་རིང་ཚད་ལ་སྤྱི་ལེ47.46ཡོད་པའི་རྣམ་གྲངས་དེར་ཕྱོགས་གཉིས་སུ་བསྐྱོད་ཆོག་པའི་འཁོར་ལམ་བཞིའི་རིམ་པ་དང་པོའི་གཞུང་ལམ་གྱི་ཚད་གཞི་ལྟར་བསྐྲུན་རྒྱུའི་ཇུས་བཀོད་བྱས་པ་མ་ཟད། ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ80དང་། ལམ་གདན་གྱི་ཞེང་ཚད་ལ་སྨི23.5དང་། ཟམ་པའི་ཞེང་ཚད་སྨི23.0དང་། ཁྱོན་ཟམ་པ12(ཕན་ཚུན་འབྲེལ་མཐུད་རྣམ་པའི་སྣོལ་ཟམ2ཚུད་པ)དང་། ཞབས་ཞུ་ཁུལ་དང་ཕན་ཚུན་འབྲེལ་བྱེད་ས1དང་། ལྟེ་བའི་ཕན་ཚུན་འབྲེལ་མཐུད་བྱེད་ས2བཅས་ཇུས་བཀོད་བྱས་ཡོད་ལ། དེའི་ཁྲོད་རྒོད་དཀར་ལའི་ཕུག་ལམ་གྱི་ལམ་ཐིག་ཧྲིལ་པོའི་རིང་ཚད་ལ་སྤྱི་ལེ12.8ཡོད་པ་དེ་ནི་མིག་སྔར་ས་བབ་མཐོ་བའི་ས་ཁུལ་དུ་སྐྲུན་བཞིན་པའི་འཛམ་གླིང་གི་གཞུང་ལམ་ཕུག་ལམ་རིང་ཤོས་དང་། བོད་ལྗོངས་ཀྱིS5ལམ་ཐིག་གི་ལྷ་ས་ནས་རྩེད་ཐང་བར་གྱི་མྱུར་བགྲོད་ལམ་ཆེན་ལས་གྲྭའི་རྣམ་གྲངས་ཀྱི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་ཞིག་ཀྱང་རེད། ཕུག་ལམ་དེར་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ80ལྟར་ཇུས་འགོད་བྱས་ཤིང་། དེ་ནི་ལོག་དབྱེ་རྣམ་པའི་ཕུག་ལམ་ཟུང་གི་འཁོར་ལམ་བཞི་ཡོད་པའི་གཞུང་ལམ་ཕུག་ལམ་ཞིག་རེད།

         རྣམ་གྲངས་དེར“གསར་པ་བཞིའི”ལག་རྩལ་རྒྱ་ཁྱབ་ངང་སྤྱད་ཡོད་ལ“འཕྲུལ་ཆས་ཅན་གྱི་བརྗེ་རེས་དང་རིག་ནུས་ཅན་གྱི་མི་སྣ་ཉུང་གཏོང”གི་དོ་དམ་འདུ་ཤེས་ཀྱང་སྤྱད་དེ། སྔ་རྗེས་སུ་ནང་ལོགས་ས་ཁུལ་ནས་རློན་གཏོར་འཕྲུལ་ཆས་སོགས་སྔོན་ཐོན་སྒྲིག་ཆས་ནང་འདྲེན་བྱས་ཏེ་འཕྲུལ་ཆས་ཅན་གྱི་ལས་སྒྲུབ་ཁྱབ་གདལ་གྱིས་བཟོ་པའི་ངལ་རྩོལ་དྲག་ཚད་ཆུང་དུ་བཏང་བ་དང་། ས་མཐོའི་རྣམ་པའི་གློག་སྒུལ་ས་བླུག་འཕྲུལ་འཁོར་དང་གློག་སྒུལ་རྐོ་འདྲུ་འཕྲུལ་འཁོར7ཉོས་ནས་མཇུག་རླངས་ཕྱིར་འབུད་བྱེད་ཚད་ཉུང་དུ་བཏང་བ་དང་བྲག་ཕུག་ནང་གི་ལས་སྒྲུབ་ཁོར་ཡུག་ལེགས་སུ་བཏང་སྟེ་ཐཱན་ཉུང་ཁོར་ཡུག་སྲུང་སྐྱོང་གི་དམིགས་ཚད་མངོན་འགྱུར་བྱས་པ། སྲང་ལམ་རྣམ་པའི་རླུང་འགྲོ་བྱེད་སྟངས་སྤྱད་དེ་ལས་སྒྲུབ་ཁྱབ་ཁོངས་ཀྱི་མཁའ་རླུང་སྤུས་ཚད་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་བྱས་པ། རིག་ནུས་ཅན་གྱི་ཨར་འདམ་ལྕགས་རྩིབ་མའི་ལུགས་རྒྱག་མ་ལག་སྤྱད་དེ་གཞུ་དབྱིབས་ཅན་གྱི་ལམ་གདན་བརྟན་གཏོང་གི་ཨར་སྐྲུན་སྤུས་ཚད་འགན་ལེན་བྱས་པ། BIMདོ་དམ་མ་ལག་དང་ཕུག་ལམ་གྱི་སྒོ་སྲུང་མ་ལག་ནང་འདྲེན་བྱས་པ་དང་ལག་ཐོགས་ཁ་པར་གྱིAPPལས་སྟེགས་བཙུགས་ཏེ“རིག་ལྡན་ལས་གྲྭ”ཕྱོགས་ཡོངས་ནས་གཏོད་རྒྱུར་རྨང་གཞི་བཏིང་ཡོད།

          བོད་ལྗོངས་ཀྱིS5ལམ་ཐིག་གི་མྱུར་བགྲོད་ལམ་ཆེན་བསྐྲུན་རྒྱུ་ནི་ལྷ་ས་དང་ལྷོ་ཁ་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་བ་དང་བོད་ལྗོངས་ཀྱི་དཔལ་འབྱོར་ལྟེ་བའི་ཁུལ་གཏོད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་ལ། བོད་དབུས་ཆུ་ཚོད1གི་དཔལ་འབྱོར་ཁུལ་དང་། ལྗོངས་ཡོངས་ཀྱི་ཆུ་ཚོད3གྱི་དཔལ་འབྱོར་འཁོར་རྒྱ། ཆུ་ཚོད3གྱི་ཕྱོགས་བསྡུས་འགྲིམ་འགྲུལ་འཁོར་རྒྱ་བཅས་སྐྲུན་པའི་ལྷུ་ཚིགས་གལ་ཆེན་ཞིག་ཀྱང་རེད། རྣམ་གྲངས་བསྐྲུན་རྗེས་ལྷ་ས་ནས་ལྷོ་ཁ་བར་གྱི་ལམ་ཐག་མིག་སྔའི་ཆུ་ཚོད3ནས་ཆུ་ཚོད1བར་ཐུང་དུ་འགྲོ་རྒྱུ་མ་ཟད། ལམ་རྒྱུད་ཀྱི་མང་ཚོགས་ཚོར་འགྲོ་སྐྱོད་ཐད་སྟབས་བདེ་སྐྲུན་རྒྱུ་དང་། ལམ་རྒྱུད་ཀྱི་ཡུལ་སྐོར་དང་ཞིང་འབྲོག་ཐོན་ལས་ལ་སྐུལ་ཁྲིད་ཀྱང་ཐུབ་སྟེ་ས་ཁོངས་དཔལ་འབྱོར་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་རྒྱུར་སྔར་བས་སྐུལ་འདེད་ཐེབས་རྒྱུ་རེད།
རྩོམ་སྒྲིག་པ། སངས་སྐྱབས།