ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

འགན་འཁྲི་ཁུར་ནས་འཕེལ་རྒྱས་དོན་དུ་གཉེར། འབད་འབུངས་བྱས་ནས་ཡར་ཀླུང་ལེའུ་གསར་བརྩམས།

སྤེལ་དུས 2023-04-24 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
——བོད་ལྗོངས་ཡོངས་ཀྱི་ཕྱོགས་བསྡུས་དཔྱད་ཞིབ་ཁྲོད་ལྷོ་ཁ་གྲོང་ཁྱེར་དེ་ཉིད་གྲོང་ཁྱེར་དང་ས་ཁུལ་7གྱི་ཨང་དང་པོར་སླེབས་པ།
  2022ལོར་ལྷོ་ཁ་གྲོང་ཁྱེར་གྱིས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས། གྲོང་ཁྱེར་ཡོངས་ཀྱིས“ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དྲུག་གི”དམིགས་ཚད་ལ་ཕྱོགས་མཐུན་ཤུགས་འདོན་དང་ཕྱོགས་མང་སྐུལ་འདེད་བཏང་སྟེ་ནུས་ཤུགས་ཡོད་རྒུས་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་དང་། བརྟན་ལྷིང་འགན་ལེན། དཔལ་འབྱོར་ལ་སྐུལ་འདེད། དམངས་འཚོར་ཕན་འདོགས་པ། སྐྱེ་ཁམས་སྔོན་ལ་འཕེལ་རྒྱས། མཐའ་མཚམས་དར་རྒྱས་བཅས་བྱས་པས། ལས་དོན་ཁག་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ་དང་ཕྱོགས་བསྡུས་དཔྱད་ཞིབ་ཁྲོད་ལྗོངས་ཡོངས་ཀྱི་ཨང་དང་པོའི་ཕུལ་བྱུང་གྲུབ་འབྲས་ཐོབ་པ་དེ་ནི་ལྷོ་ཁ་གྲོང་ཁྱེར་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་སེམས་ཤུགས་གཅིག་སྒྲིལ་དང་མཐུན་སྒྲིལ་འབད་འཐབ་བྱས་པའི་གྲུབ་འབྲས་རེད་ལ། ལྷོ་ཁ་གྲོང་ཁྱེར་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་པའི་གསོན་ཉམས་ལྡན་པའི་འགྲེལ་བཤད་ཅིག་དེ་བས་རེད།
  དར་ཆ་ནི་ཁ་ཕྱོགས་ཡིན་པ།
  2022ལོར་ལྷོ་ཁ་གྲོང་ཁྱེར་གྱིས་ཆབ་སྲིད་ཀྱི་སྣེ་ཁྲིད་མངོན་གསལ་དོད་པོ་ཡོང་བར་བྱེད་པ་དང་། རྩ་བ་གསོ་ཞིང་སེམས་པ་སྐྱེད་པར་ཤུགས་སྣོན་རྒྱག་པ། ནུས་ཤུགས་ཡོད་རྒུས་ལས་བྱེད་པའི་ཆབ་སྲིད་བྱང་ཚད་དང་ཐེག་པ་འཁུར་ལེན་གྱི་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་པས། ལྗོངས་ཡོངས་ཀྱི་ཕྱོགས་བསྡུས་དཔྱད་ཞིབ་ཁྲོད་ཏང་འཛུགས་སྐྱོང་ལས་དོན་དེ་གྲོང་ཁྱེར་དང་ས་ཁུལ་བདུན་གྱི་ཨང་དང་པོར་སླེབས་ཡོད་པ་རེད།
  “གཞི་རིམ་ནི་སྤྱི་ཡོངས་དང་འབྲེལ་བ་ཡོད་པས། ང་ཚོས་རྨང་གཞི་བརྟན་དུ་གཏོང་བ་དང་གཞི་རིམ་ལ་དམ་འཛིན་ཤུགས་ཆེན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རྒྱུན་རྣམ་ཅན་གྱི་སྒོ་ནས་ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་ལ་བཅོས་སྒྲིག་བྱས་པ་དང་། གཞི་རིམ་གྱི་དཔུང་ཁག་བཀོད་སྒྲིག་ལེགས་སུ་བཏང་བ། གཞི་རིམ་གྱི་དྲ་མིག་ཅན་ལ་བརྟེན་ནས་ཏང་རྩ་འཛུགས་2192བཙུགས་པ། གཞི་རིམ་གྱི་ལས་ཀའི་སྟོབས་ཤུགས་གཅིག་སྡུད་ཀྱིས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་བཏང་བ། གྲོང་གསེབ་དར་རྒྱས་དང་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ཁྲོད་ཀྱི་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་ནས། ཏང་གི་དར་ཆ་དེ་ཐོག་མཐའ་བར་གསུམ་དུ་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་ལྷབ་ལྷུབ་ཏུ་གཡོ་བར་བྱས་ཡོད”ཅེས་ལྷོ་ཁ་གྲོང་ཨུད་རྩ་འཛུགས་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཚའོ་ཙུའུ་ཡུས་ཀྱིས་བརྗོད།
  བརྟན་ལྷིང་ནི་དམངས་འཚོའི་རྒྱབ་རྟེན་ཡིན་པ།
  2022ལོ་ཚུན་དུ། ལྷོ་ཁ་གྲོང་ཁྱེར་གྱིས་སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་ལྷོ་ཁ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བས། མི་དམངས་བདེ་སྡོད་ལས་བརྩོན་དང་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་རྡོ་སྔར་བས་བརྟན་དུ་ཕྱིན་ཡོད།
  ལྷོ་ཁ་གྲོང་ཁྱེར་གྱིས“7+1”གི་བརྟན་ལྷིང་སྲུང་སྐྱོང་དང་སྔོན་འགོག་ཚོད་འཛིན་བྱེད་སྟངས་ཁྱོན་ཡོངས་ནས་ཁྱབ་གདལ་བཏང་བ་བརྒྱུད། “བཅོས་སྒྲིག་ལྔའི”མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། ཆབ་སྲིད་བདེ་འཇགས་དང་སྤྱི་པའི་བདེ་འཇགས་སོགས་ཉེན་ཁ་ཆེ་གྲས་ལྔ་སྔོན་འགོག་དང་སེལ་རྒྱུར་ཤུགས་སྣོན་བརྒྱབ་པ། སྤྱི་པའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་1800ལྷག་ཙམ་ཤེས་རྟོགས་དང་བཅོས་སྒྲིག་བྱས་པ། མང་ཚོགས་ཀྱི་ཡིག་བསྐུར་ངོ་བཅར་གནད་དོན་67བདག་སྤྲོད་དང་ཐག་གཅོད་བྱས་པ། རྫོང་དང་། ཤང་། གྲོང་ཚོ་བཅས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་འཛུགས་སྐྱོང་ཕྱོགས་ཡོངས་ལ་ཁྱབ་རྒྱུར་སྐུལ་འདེད་བཏང་བ། “སྲིད་ཁྲིམས་དམངས་ཕན་གྱི་བྱ་བ་དངོས་ཆེན་པོ་བཅུ”སོགས་བྱེད་ཐབས་རབ་དང་རིམ་པ་བརྒྱུད་རིམ་ལྡན་པའི་སྒོ་ནས་སྤེལ་བ་བཅས་བྱས་པས། སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་བྱུང་ཡོད།
  འཕེལ་རྒྱས་ནི་གནད་དོན་མཐའ་དག་ཐག་གཅོད་བྱེད་པའི་འགག་རྩ་ཡིན་པ།
  2022ལོར་ལྷོ་ཁ་གྲོང་ཁྱེར་གྱིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་242.9ཟིན་པའི་དམིགས་ཚད་མངོན་འགྱུར་བྱུང་བ་དེ་དུས་མཚུངས་ལས་1.7%འཕར་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་45233དང་སྒོར་19845སོ་སོར་ཟིན་པ་དེ་དུས་མཚུངས་ལས་4.9%དང་7.6%སོ་སོར་འཕར་ནས་དཔལ་འབྱོར་དམིགས་ཚད་གཙོ་བོ་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད་པ་རེད།
  ལྷོ་ཁ་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་ཏང་ཙུའི་ཧྲུའུ་ཅི་པད་མ་རྡོ་རྗེས་ངོ་སྤྲོད་བྱས་དོན། ལྷོ་ཁ་གྲོང་ཁྱེར་གྱིས“རྣམ་གྲངས་འཛུགས་སྐྲུན་ལ་དམ་འཛིན་བྱེད་པ་ནི་དཔལ་འབྱོར་འཕེལ་རྒྱས་ལ་དམ་འཛིན་བྱེད་པ་ཞིག་ཡིན་པའི”བསམ་བློ་བརྟན་པོར་བཙུགས་ནས་ཐབས་བརྒྱ་ཇུས་སྟོང་གིས་མ་དངུལ་གཏོང་ཤུགས་ཆེ་རུ་དང་རྣམ་གྲངས་ལ་དམ་འཛིན་བྱས་པ་དང་། 2022ལོར་བུན་འཛིན་རྣམ་གྲངས་40དོན་འཁྱོལ་བྱས་ནས་བསྡོམས་འབོར་ལྗོངས་ཡོངས་ཀྱི་ཨང་དང་པོར་སླེབས་པ། གོང་དཀར་གནམ་ཐང་གི་རྒྱུག་ལམ་གཉིས་པ་སྐྲུན་འགོ་ཚུགས་པ། ལྷུན་རྩེ་ཡན་ལག་གནམ་ཐང་དུ་ཞིབ་བཤེར་གནམ་གྲུ་ཤར་གཏོང་ཐུབ་པ། ལྷུན་རྩེ་དང་ལྷོ་བྲག་རྫོང་གཉིས་ཀྱི་གློག་དྲ་ཤར་གཏོང་རྣམ་གྲངས་ཚང་མ་ལེགས་གྲུབ་ཟིན་པ། རྣམ་གྲངས་ཆེ་གྲས་རབ་དང་རིམ་པར་མུ་མཐུད་ཤུགས་སྣོན་བརྒྱབ་པ། ལྷོ་ཁ་གྲོང་ཁྱེར་གྱི་ལོ་ཧྲིལ་པོར་གཏན་འཇགས་རྒྱུ་ནོར་ལ་སྤྱིའི་མ་རྩ་འཇོག་ཚད་ལྗོངས་ཡོངས་ཀྱི་ཨང་གཉིས་པར་སླེབས་པར་རམ་འདེགས་བྱས་པ། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་བརྟན་བགྲོད་རྒྱང་འཁྱོལ་བྱུང་ཡོད།
  སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པ་ནི“རྒྱལ་ཁབ་ཀྱི་དོན་ཆེན”ཡིན་པ།
  2022ལོར་ལྷོ་ཁ་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་ལེགས་ཚད་100%ཟིན་པ་དང་། གཙང་པོ་དང་། ཆུ་བོ། མཚོ། མཚེའུ་བཅས་ཀྱི་གཅིག་སྡུད་རྣམ་པའི་འཚོ་བའི་འཐུང་ཆུའི་ཆུ་འགོའི་ཆུ་སྤུས་ལོན་ཚད་100%རྒྱུན་འཁྱོངས་ཐུབ་པ། ལྗོངས་ཡོངས་སུ་གཞན་གྱི་སྔོན་ལ“སྦགས་བྲལ་གྲོང་ཁྱེར”འཛུགས་སྐྲུན་ལས་དོན་སྤེལ་བ། ལྗོངས་ཡོངས་ཀྱི“གློག་ཤུགས་གྲངས་གཞི་ཆེ་མོ་དང་ཁོར་ཡུག་སྲུང་སྐྱོང་གི་ལྟ་ཞིབ་ཚད་ལེན”གྱི་རིག་ལྡན་ལྟ་སྐུལ་དོ་དམ་ལས་སྟེགས་ཐོག་མ་དེ་བསྐྲུན་ནས་སྤྱོད་འགོ་ཚུགས་པ། རྫོང(ཆུས)9ལ་བཙོག་ཆུ་གཙང་སེལ་བཟོ་གྲྭ་བསྐྲུན་ནས་སྤྱོད་འགོ་ཚུགས་པ། འཕྲུལ་སྒུལ་འཁོར་རིགས་ཀྱི་དུ་འབུད་ཀྱི་ལྟ་སྐུལ་ཚོད་འཛིན་མ་ལག་བསྐྲུན་ནས་སྤྱོད་འགོ་ཚུགས་པ། ཚན་པ་དང་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་ཟད་གྲོན་མུ་མཐུད་ཆག་པ། གྲོང་གསེབ་ཏུ་གསང་སྤྱོད་ཁྱབ་གདལ་གཏོང་ཚད་85%ཟིན་པ། “རི་སྔོན་ཆུ་དྭངས་ནམ་ཡང་གནས་པར་བྱེད་པ”དེ་གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོའི་ཐུན་མོང་གི་མྱོང་ཚོར་ལ་གྱུར་ཡོད།
  “འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། ན་ནིང་ལྷོ་ཁ་གྲོང་ཁྱེར་གྱི་སྐྱེ་ཁམས་ཤེས་དཔལ་ལས་དོན་དེ་ལྗོངས་ཡོངས་ཀྱི་ཕྱོགས་བསྡུས་དཔྱད་ཞིབ་ཁྲོད་གྲོང་ཁྱེར་དང་ས་ཁུལ་བདུན་གྱི་ཨང་དང་པོར་སླེབས་པ་དང་། གྲུབ་འབྲས་ནི་ལས་སླ་པོར་ཐོབ་པ་ཞིག་མིན་ལ། ཉམས་མྱོང་ཡང་ཧ་ཅང་རྩ་ཆེན་ཡིན་པས་སླད་ཕྱིན་དེ་བས་འབད་བརྩོན་ཆེན་པོས་དོན་འཁྱོལ་བྱེད་ཀྱི་ཡིན”ཞེས་ལྷོ་ཁ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱི་ཅུས་ཀྲང་ཤིང་ཡུན་ཅང་གིས་བརྗོད།
  མཐའ་མཚམས་སྟོབས་དང་ལྡན་ན་འཕེལ་རྒྱས་དེ་བས་ཆེ།
  མཐའ་མཚམས་ཀྱི་འཐབ་ཕྱོགས་དང་པོར་གནས་པའི་ལྷོ་བྲག་རྫོང་ལ་རྒྱབ་ཤང་གི་རྒྱལ་ནོར་བུ་ནི་སྔོན་ཆད་རི་ཁུལ་གྱི་ཁེར་ཆགས་གླིང་ཕྲན་ལྟ་བུར་གནས་པ་དང་ཁྱིམ་ཚང་ཁ་ཤས་ལས་མེད་པ་དེ་དག་གིས་དཀའ་སྡུག་ཆེ་བའི་ལོ་ཟླའི་ནང་ཕྱུགས་འཚོ་བ་དང་མཐའ་མཚམས་བསྲུངས་ནས་འཚོ་བ་སྐྱེལ་གྱི་ཡོད། ད་ཆ་མཐའ་མཚམས་སྟོབས་ཆེར་གཏོང་བའི་སྲིད་ཇུས་འོག་རྒྱལ་ནོར་བུ་གྲོང་ཚོ་བཙུགས་པས་མང་ཚོགས་རྣམས་ཡངས་ཤིང་རྒྱ་ཆེ་ལ་དྲོ་སྐྱིད་ལྡན་པའི་འབྱོར་འབྲིང་སྡོད་ཁང་ནང་སྡོད་རྒྱུ་བྱུང་བ་དང་། ཆུ་དང་། གློག ལམ། དྲ་བ། འཕྲིན་གཏོང་བཅས་གང་དགོས་ཚང་མ་ཡོད་པ་མ་ཟད། མང་ཚོགས་དེ་བས་མང་བ་དེ་གར་སྤོས་ནས་མཐའ་མཚམས་སྲུང་སྐྱོང་དང་མཐའ་མཚམས་འཛུགས་སྐྲུན་ལ་འབད་བཞིན་མཆིས།
  ཀུའོ་ཀྲེན་ལི་ནི་རྒྱལ་ནོར་བུ་གྲོང་ཚོའི་རྒྱ་རིགས་གནས་སྤོས་དུད་ཚང་འབའ་ཞིག་དེ་རེད། ལོ་གཅིག་ལྷག་ཙམ་གོང་། ཁོང་དང་བཟའ་ཟླ་སྤེན་པ་སྒྲོལ་མ་ལྷོ་བྲག་རྫོང་སེང་གེ་ཤང་ནས་རྒྱལ་ནོར་བུ་གྲོང་ཚོར་རང་མོས་ངང་སྤོས་པ་དང་ད་ཆ་ཐག་རིང་གི་ས་གཞི་དེ་ཁོང་གི་ཁྱིམ་དུ་གྱུར་ཡོད། ཁོང་གིས“དཀའ་སྡུག་ཇི་ལྟར་ཆེ་ནའང་སྔོན་ཆད་ལས་སྐྱིད་པ་དང་། ལམ་ཐག་ཇི་ལྟར་རིང་ཡང་སྔོན་ཆད་བཞིན་དཀའ་ལས་ཁག་པོ་མེད། འདི་གར་ཟས་གོས་འགྲོ་འདུག་གི་ཆ་རྐྱེན་ཡག་པོ་ཡོད་པ་མ་ཟད། སྲིད་ཇུས་ཀྱང་ཡག་པོ་ཡོད་པས། འཚོ་བ་ཧ་ཅང་སྐྱིད་པོ་འདུག”ཅེས་བརྗོད།
  ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་སྐུལ་འདེད་ཤུགས་ཆེན་དང་ནུས་ཤུགས་ཡོད་རྒུས་འགག་སྒྲོལ་བྱས་ཏེ་མཐའ་མཚམས་བརྟན་ལྷིང་དང་། མཐའ་མཚམས་དར་རྒྱས། མཐའ་མཚམས་མི་སེར་ཕྱུག་པོ་ཆགས་པ་བཅས་ལ་མུ་མཐུད་སྐུལ་འདེད་བཏང་ཡོད། རྨང་གཞིའི་སྒྲིག་བཀོད་རིམ་བཞིན་འཐུས་སྒོ་ཚང་དུ་སོང་བ་དང་། ཐོན་ལས་ལ་ཕན་འབྲས་རགས་ཙམ་ཐོན་པ། མང་ཚོགས་བདེ་སྡོད་ལས་བརྩོན་ཐུབ་པ་བཅས་ཀྱི་མཐའ་མཚམས་གྲོང་ཚོ་གསར་པ་རེ་རེ་ལས་མུ་ཏིག་ལྟར་འོད་སྟོང་རབ་ཏུ་འཚེར་བཞིན་མཆིས།
རྩོམ་སྒྲིག་པ། སངས་སྐྱབས།