ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཁོར་ཡུག་ལེགས་པོར་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།

སྤེལ་དུས 2023-05-04 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
—— བོད་ལྗོངས་ཀྱི་དུས་ཚིགས་དང་པོའི་དཔལ་འབྱོར་འཁོར་རྒྱུག་ལས་དོན་སྐོར་གྱི་ཟུར་བྲིས།
  འཚོག་མ་ཐག་པའི་དུས་ཚིགས་དང་པོའི་བོད་ཀྱི་དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་སྐོར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཁྱབ་བསྒྲགས་བྱས་པའི་གྲུབ་འབྲས་མངོན་གསལ་དོད་པ་སྟེ། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གཅིག་གྱུར་ཞིབ་རྩིས་བྱས་འབྲས་ལ་གཞིགས་ན། ལྗོངས་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་575.87ཟིན་པ་དེ་འགྱུར་མེད་རིན་གོང་ལྟར་རྩིས་བརྒྱབ་ཚེ་དུས་མཚུངས་ལས་8.2%འཕར་ནས་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་པ་རེད།
  སྲིད་ཇུས་བཟང་པོས་ཁོར་ཡུག་ལེགས་སུ་གཏོང་བའི་རྨང་གཞི་དེ་བས་བརྟན་དུ་ཕྱིན་པ།
  ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས《བོད་རང་སྐྱོང་ལྗོངས་ཀྱི་སྲིད་གཞུང་དང་ཚོང་པའི་དབར་གྱི་འགྲོ་འོང་གི་ལེགས་ཉེས་གསལ་ཐོའི་ལམ་ལུགས》དང《བོད་རང་སྐྱོང་ལྗོངས་ཀྱིས་ཁེ་ལས་དང་འབྲེལ་བའི་སྲིད་ཇུས་བཟོ་བའི་ནང་ཁེ་ལས་མཁས་ཅན་ཞུགས་པའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བའི་ལག་བསྟར་བྱ་ཐབས》སོགས་ཡིག་ཆ་མང་པོ་བཏོན་ནས《བོད་རང་སྐྱོང་ལྗོངས་ཀྱི་སྲིད་དོན་ཞབས་ཞུ་ཚད་གཞི་ཅན་དང་། ཚད་ལྡན་ཅན། སྟབས་བདེ་ཅན་བཅས་ལ་གང་མགྱོགས་སྐུལ་འདེད་གཏོང་བའི་ལག་བསྟར་ཇུས་གཞི(2022ལོ་ནས་2023ལོ་བར)》སོགས་ཀྱི་ཇུས་གཞི་བཟོས་ཏེ་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་བྱ་སྤྱོད་ཀྱི“དོན་ཚན་21”ཟམ་མི་ཆད་པར་ལག་ལེན་བསྟར་བ་དང་། ཐོན་ཁུངས་གསར་སྤེལ་གྱི་ཁེ་ཕན་མཉམ་སྤྱོད་ལམ་སྲོལ་བཙུགས་པ། ཞབས་ཞུ་དང་འགན་ལེན་ལེགས་སུ་བཏང་བ་བཅས་བྱས་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བའི་ཞིང་ས་གཤིན་པོ་སྐྱེད་སྲིང་ཧུར་ཐག་བྱས་ཡོད།
  ཚོང་འགུགས་མ་འདྲེན་གྱི་ལས་དོན་སྤེལ་ཤུགས་སྔར་བས་ཆེ་རུ་བཏང་ནས་ལྗོངས་ཡོངས་ཀྱི་ཚོང་འགུགས་མ་འདྲེན་ཐད་ཚད་བརྒལ་གསར་པ་ཡོང་བར་སྐུལ་འདེད་གཏོང་ཆེད། ཉེ་དུས་རང་ལྗོངས་ཀྱིས《2023ལོའི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ལས་དོན་གཙོ་གནད》དང《2023ལོའི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བྱ་སྤྱོད་ཇུས་གཞི》བཀྲམ་ནས། གོ་ཆོད་ཚད་མཐོ་བ་དང་ཁྱབ་རྒྱ་ཆེ་བའི་སྲིད་ཇུས་བཟང་པོ་རབ་དང་རིམ་པ་བཏོན་ཏེ་ཚོང་གཉེར་ཁོར་ཡུག་གི་སྲིད་ཇུས་ལེགས་སུ་གཏོང་བའི“གདུང་བཞི་ཀ་བརྒྱད”རིམ་གྱིས་གྲུབ་ཡོད།
  ཞབས་ཞུ་ལེགས་པས་དངོས་སྒྲུབ་ཀྱི་བྱེད་ཐབས་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་པ།
  —— རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཀྱིས་སྔ་རྗེས་སུ་ཁག་ཐེངས་གསུམ་ལ་དབྱེ་ནས་དམངས་ཕན་ཞབས་ཞུའི་བྱེད་ཐབས་62འདོན་པ་དང་། ཁྲལ་བསྡུའི་ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སུ་གཏོང་བ། “1+3”གྱི་ཁྲལ་འཇལ་ཞབས་ཞུའི་མ་ལག་འཛུགས་པ། “གཞི་གཅིག་དང་རིག་ནུས་གསུམ”གྱི་12366གི་ཞབས་ཞུའི་རྣམ་པ་གསར་པ་ཧུར་ཐག་གཏོད་པ་བཅས་བྱས་པས་ཁྲལ་བསྡུ་འཇལ་གྱི་འབྲེལ་བ་མཉམ་འགུལ་བཟང་པོ་བྱུང་ཡོད།
  —— རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་སྒེར་གཉེར་བཟོ་ཚོང་དུད་ཚང་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར་བྱེད་པའི་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་ཆོག་འཐུས་དང་གཉེར་སྐྱོང་ཆོག་འཐུས་ལེགས་སུ་གཏོང་བ་དང་། དྲང་གཞག་འགྲན་རྩོད་ཀྱི་ཞིབ་བཤེར་ལམ་ལུགས་དོན་འཁྱོལ་བྱེད་པ། “ཕྲན་ཚེགས་ཁེ་ལས་དང་། སྒེར་གཉེར་བཟོ་ཚོང་དུད་ཚང་། ཆེད་ལས་ཁྲོམ་ར”བཅས་ཀྱི་ཏང་འཛུགས་སྐྱོང་དྲ་མིག་ཅན་གྱི་དོ་དམ་ཁྱབ་པར་རྒྱུན་མཐུད་སྐུལ་འདེད་གཏོང་བ་བཅས་བྱས་ནས། ལྗོངས་ཡོངས་ཀྱི་སྒེར་གཉེར་བཟོ་ཚོང་དུད་ཚང་འཕེལ་རྒྱས་གཏོང་རོགས་དང་རྒྱབ་སྐྱོར་ཤུགས་ཆེན་བྱས་ཡོད།
  —— མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གིས་ཀྲུང་གོ་དངུལ་ཁང་གིས་འགན་བཅོལ་ལྟ་འདོམས་ཨུ་ལྷན་བོད་ལྗོངས་ལྟ་འདོམས་ཅུས་དང་མཉམ་དུ《བོད་རང་སྐྱོང་ལྗོངས་ཀྱི་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་ཞབས་ཞུ་སྔར་བས་ལེགས་སུ་གཏོང་བའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཟོས་ནས་བཀྲམ་པ་རེད།
  —— ཉིང་ཁྲི་གྲོང་ཁྱེར་གྱིས“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་ནས་ལྗོངས་ཡོངས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་ཚོང་འགུགས་མ་འདྲེན་གྱི་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས“ཉིང་ཁྲི་བོད་ཀྱི་སྒྱུར་བཅོས་སྔོན་སྤེལ་ཁུལ་དུ་བསྐྲུན་པའི”དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ཏེ། ཁེ་ལས་ལ་ལྷག་བསམ་ཟོལ་མེད་ཀྱིས་ཞབས་འདེགས་ཞུས་ནས་ཁེ་ལས་འཕེལ་རྒྱས་བློ་བདེ་པོ་ཡོང་ཐབས་བྱས་པ་རེད།
  —— ལྷོ་ཁ་གྲོང་ཁྱེར་གྱིས་སྲིད་དོན་ཞབས་ཞུ་སྒྱུར་བཅོས་གཏིང་ཟབ་བྱས་པ་བརྒྱུད་ཚོང་གཉེར་ཁོར་ཡུག་ལེགས་སུ་དང་རིམ་སྤོར་ལ་སྐུལ་འདེད་བཏང་ནས“དྲ་སྦྲེལ་དང་སྲིད་དོན་ཞབས་ཞུ”ཟུང་འབྲེལ་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། མཉམ་འབྲེལ་གྱི་ཞིབ་བཤེར་དང་ཆོག་མཆན་དང་། དུས་བཀག་ནང་སྒྲུབ་པ། ཆད་རུང་བདག་སྤྲོད་བྱེད་པ། ཐོགས་མེད་བགྲོད་ལམ་སོགས་ཀྱི་ལམ་ལུགས་ཁྱབ་གདལ་ཤུགས་ཆེན་བཏང་ནས། ཁེ་ལས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”ཤར་གཏོང་ནུས་ལྡན་བྱས་པ་རེད།
  སྲིད་ཁེ་མཉམ་འགུལ་ལས་དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་ཕྱིན་པ།
  ཚོང་གཉེར་ཁོར་ཡུག་ལེགས་པོར་བརྟེན་ནས་གཉེར་སྐྱོང་བྱེད་པོའི་སྐྱེ་སྟོབས་འཕེལ་བར་བྱས་པ། རང་ལྗོངས་ཀྱི་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་བསྡོམས་རྩིས་བྱས་པར་གཞིགས་ན། ཟླ་གསུམ་པའི་ཟླ་མཇུག་བར། ལྗོངས་ཡོངས་སུ་གཉེར་སྐྱོང་བྱེད་པོ་དངོས་སུ་ཐོ་འགོད་བྱེད་མཁན་ཚོང་དུད་ཁྲི་44.89ཡོད་པ་དེ་དུས་མཚུངས་ལས་8.2%འཕར་ཡོད། དེའི་ནང་ཁེ་ལས་ཀྱི་གྲངས་འབོར་དུས་མཚུངས་ལས་10.6%འཕར་བ་དང་སྒེར་གཉེར་བཟོ་ཚོང་དུད་ཚང་8.0%འཕར་ཡོད་པ་རེད། ཟླ་3པར་ལྗོངས་ཡོངས་ཀྱི་གཉེར་སྐྱོང་བྱེད་པོ་ཐོ་འགོད་བྱེད་མཁན་ཚོང་དུད་16495ཟིན་པ་དེ་དུས་མཚུངས་ལས་25.1%འཕར་ཡོད་པ་རེད།
  ཉེ་ཆར་ལྷ་ས་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས“ཁྲལ་དོན་དང་ཁེ་ལས་ཐད་སྦྲེལ”གྱི་ལམ་སྲོལ་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་འབྲེལ་ཁྲལ་འཇལ་བའི་འཐུས་མི་དང“ཁྲལ་དོན་དང་ཁེ་ལས་ཐད་སྦྲེལ”གྱི་ལམ་སྲོལ་འབྲེལ་གཏུག་གཱ་ལ་མིང་རྟགས་ཀྱང་བཀོད་པ་རེད། “ལྷ་ས་གྲོང་ཁྱེར་ཁྲལ་དོན་སྡེ་ཚན་གྱི་སེམས་རྩ་འཁོལ་བའི་ཞབས་ཞུ་ལས་དེ་གར་ཡོད་པའི་ཁྲལ་འཇལ་བའི་འཐུས་མིར་སེམས་འགུལ་ཆེན་པོ་ཐེབས་ནས‘ཁྲལ་དོན་དང་ཁེ་ལས་ཐད་སྦྲེལ’གྱི་ལམ་སྲོལ་འབྲེལ་གཏུག་གཱ་ལ་མིང་རྟགས་བཀོད་པ་དེ་ནི་ཐུགས་ཁུར་ཞིག་རེད་ལ་འགན་འཁྲི་ལྕི་པོ་ཞིག་དེ་བས་རེད། ཁྲལ་དོན་སྡེ་ཚན་གྱི་དངོས་སྒྲུབ་ཀྱི་བྱེད་ཐབས་ཀྱི་རྒྱུན་མཐུད་སྐུལ་སྤེལ་འོག་ཁེ་ལས་དེ་བས་ལེགས་པའི་སྒོ་ནས་འཕེལ་རྒྱས་འགྲོ་ངེས་ཡིན་པ་ང་ལ་ཡིད་ཆེས་ཡོད”ཅེས་འགོ་ཚུགས་མཛད་སྒོའི་ཐོག“ཁྲལ་དོན་དང་ཁེ་ལས་ཐད་སྦྲེལ”ཁེ་ལས་ཀྱི་འཐུས་མི་དང་ཤར་ཕྱོགས་རྒྱུ་ནོར་འཛིན་ལོར་ལྷ་ས་མཐུན་སྒྲིལ་ལམ་གྱི་འཛིན་ལོར་ལས་གཉེར་པུའུ་གཉིས་པའི་སྤྱི་ཁྱབ་ཅིང་ལི་དབྱངས་ཅན་སྒྲོལ་དཀར་གྱིས་མྱོང་ཚོར་ཟབ་མོས་བཤད།
རྩོམ་སྒྲིག་པ། སངས་སྐྱབས།