ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

གྲོང་གསེབ་དར་རྒྱས་བཏང་། བདེ་སྐྱིད་ལམ་ཆེན་བཏོད།

སྤེལ་དུས 2023-06-02 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
གཏིང་སྐྱེས་རྫོང་གཟར་ཤང་ཕུ་རུ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་སྐོར་བཀོད་པ།
  གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་གཟར་ཤང་ཕུ་རུ་གྲོང་ཚོར་སྐྱོད་སྐབས། གྲམ་པའི་དཀྱིལ་ནས་གྲོང་ཚོར་བསྐྱོད་སའི་ཁོད་སྙོམས་པའི་ལམ་ཞིག་བཟོས་པ་མ་ཟད། ལམ་བྱང་་དམར་པོ་ཞིག་བཙུགས་པའི་ངོས་སུ་གཟར་ཤང་ཕུ་རུ་གྲོང་ཚོའི་བདེ་སྐྱིད་ལམ་ཆེན་ཞེས་བྲིས་ཡོད།
  ཕུ་རུ་གྲོང་ཚོ་འགྲིམ་འགྲུལ་སྟབས་བདེ་མེད་པའི་དཀའ་ངལ་གྱི་གནས་སུ་གྱར་ནས་ཡུན་རིང་སོང་ཞིང་། དེ་ཡང་དེ་སྔོན་དེ་གར་ཨར་པོ་བ་ཕར་འགྲོ་ཚུར་འོང་དཀའ་ལ་ཡུལ་མིའང་ཕྱིར་འགྲོ་དཀའ་བ་མ་ཟད། ལྟ་སྣང་ལ་འཁྲིས་སུ་ཡོད་པའི་ལམ་དུ་སྐོར་བ་མང་པོ་བརྒྱབ་ནས་འགྲོ་དགོས་ཀྱི་ཡོད། ཕྱིས་སུ་གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་གཞོན་པ་བསྟན་འཛིན་ལྷུན་གྲུབ་ཀྱི་འབད་བརྩོན་ལྷོད་མེད་འོག གནད་དོན་དེར་རིམ་བཞིན་འགྱུར་ལྡོག་བྱུང་ནས། སྲིད་གཞུང་གི་རོགས་རམ་དང་ཡུལ་མིས་ལག་པ་སྒུལ་བར་བརྟེན་ནས་མཐར་ད་ལྟའི་བདེ་སྐྱིད་ལྡན་པའི་ལམ་ཆེན་གཞི་ནས་སྐྲུན་ཐུབ་པ་རེད།
  གཞུང་ལམ་བཟོ་བར་ལས་སླ་པོ་མེད་པས། གྲོང་སྡོད་ལས་དོན་རུ་ཁག་དང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་རྡོག་རྩ་གཅིག་ཏུ་སྒྲིལ་དགོས་པ་སྨོས་མེད་རེད།
  གྲོང་སྡོད་ལས་དོན་རུ་ཁག་ཁག་བཅུ་གཅིག་པ་ཕུ་རུ་གྲོང་ཚོར་ཐོག་མར་སླེབས་སྐབས། གཞི་རིམ་གྱི་ལས་ཀ་ཙག་ཙིག་མང་དག་ཅིག་སྒྲུབ་རྒྱུར་ལུས་ཡོད་སྟབས། སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ལས་དོན་གོ་སྐབས་སུ་བྱས་ནས། གྲོང་སྡོད་ལས་དོན་རུ་ཁག་གིས“དོན་ཆེན་བཞི”དང་། ཚན་ཁག་གི་ལས་བགོས། རྣམ་གྲངས་འཛུགས་སྐྲུན་སོགས་ཀྱི་ནང་དོན་གལ་ཆེན་ལ་དམ་པོར་དམིགས་ཏེ། གྲོང་ཚོའི“ཨུ་ལྷན་གཉིས”ལ་གཞོགས་འདེགས་བྱས་ནས་སྔ་རྗེས་སུ་ལས་ཀའི་ལམ་ལུགས་ཁག་12བཟོས་པ་དང་། “ལམ་ལུགས་འཛུགས་པ་དང་། ལས་བགོས་རྒྱག་པ། དོན་འཁྱོལ་ལ་དམ་འཛིན”བཅས་བྱེད་པའི་སྣ་བཏུས་ཐབས་བཟང་བཏོན་ནས་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་ཏང་ཀྲི་པུའི་གོང་བུ་སྒྲིལ་ཤུགས་དང་། འཐབ་ནུས། འབོད་སྐུལ་ནུས་པ་བཅས་ཆེ་རུ་བཏང་བ་མ་ཟད། དོན་འཁྱོལ་དང་། བརྟག་ཞིབ། གཏན་འཁེལ་བཅས་ཉིན་གཅིག་ལྟར་དམ་འཛིན་དང་དོ་དམ་ནན་པོ་བྱས་པར་བརྟེན་གྲོང་ཚོའི་ལས་དོན་ལ་རིམ་བཞིན་གྲུབ་འབྲས་བཟང་པོ་ཐོབ་ཡོད།
  དངུལ་ཇི་ལྟར་བཏང་ན་ལས་ཀར་སྐུལ་འདེད་གཏོང་ཐུབ་བམ། མིག་སྔར་རྣམ་གྲངས་མང་དག་ཅིག་ལག་བསྟར་མ་བྱས་པའི་དབང་གིས་མ་དངུལ་ལྷག་པའི་གནད་དོན་འཕྲད་སྐབས། གྲོང་སྡོད་ལས་དོན་རུ་མིས་གང་སར་བརྟག་དཔྱད་ཞིབ་འཇུག་དང་དགོངས་སྐོར་སྙན་སེང་ཞུས་ཤིང་། དུས་ཡུན་ཟླ་བ་གཉིས་ལྷག་ཙམ་རིང་། རྫོང་ཐད་གཏོགས་ཚན་པ་27ལ་འབྲེལ་གཏུག་བྱས་པ་དང་། ཁ་པར་ཐེངས་50ལྷག་ཙམ་བརྒྱབ་པ། འགྲོ་སོང་སྒོར་ཁྲི་3ལྷག་ཙམ་བཏང་མཐར་ཕུ་རུ་གྲོང་ཚོའི་རྣམ་གྲངས་གཞི་ནས་ལག་བསྟར་གཏན་འཁེལ་བྱུང་བ་དང་ཆབས་ཅིག་གཞུང་ལམ་བཟོ་བའི་ཐད་རྨང་གཞི་འདིང་ཐུབ་པ་རེད།
  དེ་དང་ཆབས་ཅིག་གྲོང་སྡོད་ལས་དོན་རུ་ཁག་དང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་འབྲི་གཡག་མཉམ་ལས་ཁང་དང་ཨར་པོའི་རུ་ཁག་སོགས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ལ་དམ་འཛིན་བྱེད་པ་ནས་འགོ་འཛུགས་པའི་ཐག་བཅད་དེ། རྣམ་གྲངས་ལ་སྐུལ་འདེད་དང་མ་དངུལ་དོ་དམ་ཐད་ཕྱོགས་གཉིས་ཀྱིས་འགན་འཁུར་བའི་ལམ་ལུགས་བཙུགས་ནས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་སྤྱི་ཡོངས་ནས་དམ་འཛིན་དང་། གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་ལྟ་སྐུལ། དུས་བཀག་ལྟར་ཡོངས་བསྒྲགས་བཅས་བྱེད་པའི་ལས་དོན་སྤེལ་ཐབས་ཀྱི་རྣམ་པ་ཞིག་ཆགས་ཡོད། 2023ལོའི་ཟླ་1ཚེས་3ཉིན། ཕུ་རུ་གྲོང་ཚོས་བགོ་འགྲེམས་མཛད་སྒོ་སྐབས་དང་པོ་གཉེར་ནས་ཁྱོན་སྒོར་ཁྲི་6ལྷག་ཙམ་བགོ་འགྲེམས་བརྒྱབ་པར་ཆ་སྙོམས་དུད་ཚང་རེར་སྒོར་1311བྱུང་བས། གྲོང་སྡོད་ལས་དོན་གྱི་ཕན་འབྲས་རྒྱུན་ཆད་མེད་པར་མངོན་ནས་མང་ཚོགས་ཀྱི་ཡིད་ཆེས་དང་རྒྱབ་སྐྱོར་ཐོབ་ཡོད།
  གྲོང་ཚོའི་གཞུང་ལམ་བཟོ་བའི་ལས་དོན་ཐོག་མཐའ་བར་གསུམ་དུ་མང་ཚོགས་བློ་ཡིད་ཚིམ་མིན་དང་། འདོད་པ་ཡོད་མེད། དགའ་དང་མི་དགའ་ཨང་དང་པོར་འཇོག་དགོས། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་བཅུ་གཅིག་པའི་ལས་དོན་སྤེལ་རིང་། མང་ཚོགས་ཀྱི་བསམ་བློ་དང་རྣམ་འགྱུར་ལ་རིམ་བཞིན་འགྱུར་ལྡོག་བྱུང་ནས་མང་ཚོགས་དང་བླངས་པ་གཞུང་ལམ་བཟོ་བའི“སྟོབས་ཤུགས་གཙོ་བོར”གྱུར་ཡོད།
  ལོ་གཅིག་ལ་ཕྱོགས་ཡོངས་ནས་དུད་ཚང་ལ་བརྟག་དཔྱད་ཐེངས་གསུམ་བྱེད་ཀྱི་ཡོད། ཐོག་མར་ཡུལ་མིས་ལན་ཁྲལ་འཁྱོལ་འཁྱོལ་ཞིག་བརྒྱབ་ནས་ཤོད་འདོད་མི་བྱེད་ལ་ཤོད་ཀྱང་ཕོད་ཀྱི་མེད་སྟབས་ལས་ཀ་བྱེད་ཁག་པོ་ཡོད། དུད་ཚང་དུ་སྐྱོད་ཐེངས་དང་པོར་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་ཚོའི་སེམས་ཤུགས་ཆག་མོད། འོན་ཀྱང་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མིས་རྒྱུན་འཁྱོངས་བྱས་པར་བརྟེན། མང་ཚོགས་ལ་བཅར་འདྲི་བྱེད་པའི་ལས་དོན་གཏིང་ཟབ་སྤེལ་ཐུབ་ནས་སྒོ་རྡུང་རིམ་བཞིན་ཡུལ་མིའི་སེམས་ནད་བསལ་བ་མ་ཟད། ལས་ཀ་བྱེད་སེམས་ཀྱང་འཕེལ་ཡོད། མ་ཟད་རིག་གནས་རིག་རྩལ་དང་། སྐོར་གཡེང་། མཐའ་སྲུང་། མཉམ་སྡེབ་ངལ་རྩོལ་སོགས་ཀྱི་བྱེད་སྒོ་གལ་ཆེན་སྤེལ་རིང་། ཡུལ་མི་ཞུགས་ཚད་མང་དུ་སོང་ནས་ཐོབ་སྣང་དང་སྐྱིད་སྣང་ཡང་ཇེ་ཟབ་ཏུ་ཕྱིན་ཡོད། མཉམ་ལས་ཡུན་རིང་བྱས་སྟབས་མང་ཚོགས་དང་གྲོང་སྡོད་ལས་དོན་རུ་ཁག་དང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་དབར་གྱི་བརྩེ་སེམས་རིམ་བཞིན་ཟབ་ཏུ་ཕྱིན་པ་དང་ཆབས་ཅིག་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མིས་ཀྱང་མི་སེར་གྱི་བསམ་ཚུལ་རྟོགས་ནས། ཕུ་རུ་གྲོང་ཚོ་དེ་བས་མཉམ་སྡེབ་ཅིག་དང་ཁྱིམ་ཚང་གཅིག་ལྟར་གྱུར་ནས་ལས་བྱེད་པ་དང་མང་ཚོགས་ཀྱིས་མཉམ་དུ་གྲོང་ཚོ་ཡོངས་ཀྱི་འཆམ་མཐུན་དང་བདེ་སྐྱིད་སྲུང་བཞིན་མཆིས།
  “རྫོང་རིམ་པའི་ཕུལ་བྱུང་ཏང་ཡོན་དང་ཏང་གི་འཐུས་མིར་ལས་དོན་ཡག་པོ་བསྒྲུབས་པས་བདམས་པ་ཞིག་རེད་ལ། རྩ་འཛུགས་ཀྱིས་ངའི་ལས་དོན་ལ་གདེང་འཇོག་བྱས་པ་ཞིག་དེ་བས་རེད”ཉིན་ལྟར་མཚན་གུང་ཆུ་ཚོད་དང་པོ་དང་གཉིས་པ་ཙམ་ལ་གཞི་ནས་ངལ་གསོ་བ་ནི་གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་གཞོན་པ་བསྟན་འཛིན་ལྷུན་གྲུབ་ཀྱི་རྒྱུན་གཏན་གྱི་གྲོང་སྡོད་འཚོ་བ་སྐྱེལ་སྟངས་ཤིག་ཆགས་ཡོད། གྲོང་སྡོད་ཀྱི་ཉིན་རེའི་ཟིན་ཐོ་ཁག་315དང་དམངས་འཚོའི་གྲོས་གཞི་ཁག་117སོགས་མང་ཚོགས་ལ་ཐག་གཅོད་ཐུབ་མེད་པའི་དོན་གནད་དང་སྲིད་ཇུས་དོན་འཁྱོལ་ཐུབ་མེད་ས་ནི་བསྟན་འཛིན་ལྷུན་གྲུབ་ཀྱིས་མཚན་མོ་འཆར་རིམ་བཞིན་བསམ་བློ་ཡང་ཡང་གཏོང་བའི་སེམས་ནད་ཅིག་ཏུ་གྱུར་ཡོད། གྲོང་སྡོད་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས། དེ་སྔོན་གྱི་དཔུང་སྡེའི་འཚོ་བ་དང་བག་ཆགས་ཟབ་པའི་དཔའ་བོའི་བྱས་རྗེས་བཅས་ཚང་མས་དུས་དང་རྣམ་པ་ཀུན་ཏུ་ཁོང་ལ་ལྕག་སྐུལ་ཐེབས་བཞིན་ཡོད།
  “གྲོང་ཚོར་འགྱུར་ལྡོག་ཆེན་པོ་བྱུང་ནའང་། གྲོང་ཚོ་གཞན་དང་བསྡུར་ན་ད་དུང་ཧེ་བག་ཆེ་ཙམ་ཡོད”སྡོད་ཁང་སྒྱུར་བཀོད་དང་། ཞིང་ཆུ་གཏོང་བ། ཞིང་ཁ་སྒྱུར་བཀོད། མི་ཕྱུགས་ལོགས་སུ་དབྱེ་བ། ཆུ་ལོག་སྔོན་འགོག་གི་རགས་རྒྱག་པ་སོགས་མི་དམངས་མང་ཚོགས་ཀྱིས་སེམས་ཁྲལ་ཆེན་པོ་བྱེད་པའི་དམངས་འཚོའི་དོན་ཆེན་དང་ཉིན་ལྟར་འཕྲད་པའི་འགག་རྩའི་དོན་ཆུང་དག་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་ཚང་མའི་དོན་ཆེན་ཞིག་ཏུ་གྱུར་ཡོད།
  དམངས་འཚོར་དོན་ཆུང་མེད། སེམས་པ་བརྩེ་བས་ཕྱུག “སེམས་འབྲེལ་ཟམ་པ”དང“བདེ་སྐྱིད་ལམ་བུ”རེ་རེ་བཞིན་ཕུ་རུ་གྲོང་ཚོར་སྣུར་སྲིང་ཐུབ་ནས་གྲོང་གསེབ་མགྱོགས་མྱུར་དར་རྒྱས་གཏོང་བའི་ལམ་བུར་སྐྱོད་བཞིན་ཡོད།