ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

2023ལོའི་ཀྲུང་གོའི་རྒྱལ་སྤྱིའི་ཞབས་ཞུའི་ཚོང་འདུས་སུ་་་

སྤེལ་དུས 2023-09-07 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
       ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། པེ་ཅིང་དང་ལྷ་ས་གཉིས་བར་གྱི་ཐོན་ལས་སྤེལ་རེས་ལ་སྐུལ་འདེད་དང་། ལྷ་སའི་མི་རིགས་ལག་ཤེས་བཟོ་ལས་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད། པེ་ཅིང་གྲོང་ཁྱེར་དཔལ་འབྱོར་དང་ཆ་འཕྲིན་ཅན་ཅུས་ཀྱི་རྒྱབ་སྐྱོར་ཆེན་པའི་འོག ཟླ9པའི་ཚེས2ནས6བར། ལྷ་སའི་མི་རིགས་ཀྱི་ལག་ཤེས་བཟོ་རྩལ་དེ་པེ་ཅིང་རྒྱལ་སའི་ངར་ལྕགས་གླིང་ཁུལ་དུ་འགྲེམས་སྟོན་བྱས་ལ། བསྟུད་མར་སྐབས་གཉིས་ལ་ཀྲུང་གོ་རྒྱལ་སྤྱིའི་ཞབས་ཞུའི་ཚོང་འདུས་སྟེང་འགྲེམས་སྟོན་བྱས་པ་རེད།
བྱེད་སྒོའི་ཡུལ་དངོས།
       ཐེངས་འདིའི་བྱེད་སྒོར་ལྷ་ས་གྲོང་ཁྱེར་དཔལ་འབྱོར་དང་ཆ་འཕྲིན་ཅན་ཅུས་ཀྱིས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་དང་རང་སྐྱོང་ལྗོངས་རིམ་པའི་བཟོ་རྩལ་མཛེས་རྩལ་ཆེན་མོ་ཡིན་པའི་ནོར་བུ་ལགས་དང་། གཟིམ་སྤོས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པའི་མི་རབས་གསུམ་པ་བ་བསྟན་འཛིན་ལགས་གདན་དྲངས་ལ། ཁོ་ཚོས་བརྩམས་ཆོས་འཁྱེར་ནས་འགྲེམས་སྟོན་ལ་ཞུགས་པ་རེད། བོད་ལྗོངས་ཁྲང་ཧུང་ཁེ་ལས་ཚད་ཡོད་ཀུང་སི་དང་། ལྷ་ས་ཚེ་སྨོན་གླིང་མི་རིགས་ལག་ཤེས་རྒྱུན་འཛིན་ལྟེ་གནས། སྟག་རྩེ་རྫོང་ཞོལ་ཞང་དམངས་ཁྲོད་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་། བོད་ལྗོངས་ལུའོ་ཀྲན་མི་རིགས་ལག་ཤེས་བཟོ་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་སི་སོགས་ས་གནས་དེ་གའི་ཁེ་ལས10ལྷག་ཙམ་ལ་རྩ་འཛུགས་ཡག་པོ་བྱས་ནས་འགྲེམས་སྟོན་ལ་ཞུགས།

ལྟད་མོ་བས་ལྷ་སའི་མི་རིགས་ལག་ཤེས་བཟོ་རྩལ་གྱི་འགྲེམས་ཁུལ་དུ་ལྟ་སྐོར་བྱེད་བཞིན་པ།
       ལྷ་སའི་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་འགྲེམས་ཁང་ཨང2པ་ནི་པེ་ཅིང་གྲོང་ཁྱེར་བཟོ་རྩལ་མཛེས་རྩལ་འགྲེམས་ཁུལ་དུ་གནས་ཤིང། འགྲེམས་གནས་ནི་བོད་ལུགས་ཀྱི་ཡུལ་མིའི་སྡོད་ཁང་གི་ཉམས་འགྱུར་གཙོ་བོར་བྱས་ལ། ཚུན55ཡི་བརྙན་འཕྲིན་གྱི་འཆར་ངོས་ཆེན་པོ་དང་རྒྱབ་ལྗོངས་གྱང་། གཱ་ཐོ་འགོད་གནས། ཐོན་རྫས་འགྲེམས་སྟོན་ཁུལ་བཅས་ཀྱིས་གཞོགས་འདེགས་བྱས་པས་ལྷ་སའི་མི་རིགས་ཀྱི་ཁྱད་ཆོས་གང་ལེགས་མངོན་པར་བྱས་ཡོད། འགྲེམས་སྟོན་ལ་ཞུགས་པའི་བརྩམས་ཆོས་ནི་ཐང་ག་དང་། འཚེམ་དྲུབས། གཟིམ་སྤོས། བོད་ཤོག ཁྱད་ལྡན་གྱི་གསར་གཏོད་དང་རིག་གནས་ཐོན་རྫས་སོགས་རིགས་ཆེ་གྲས་བརྒྱད་དང་སྣ་ཁ40ལྷག་ཙམ་ཚུད་ཡོད། ཡུལ་དངོས་སུ་ད་དུང་མཉམ་འགུལ་རྣམ་གྲངས་བཀོད་སྒྲིག་བྱས་ཡོད་དེ། དེའི་ནང་བོད་ཆས་ཉམས་ལེན་དང་། ཇ་མངར་མོ་དང་ཇ་བསྲུབས་མ་རོལ་མྱོང་། བོད་ཤོག་གི་ཡིག་གཟུགས་ལ་གཟིགས་དཔྱད། ཐང་གར་གཟིགས་དཔྱད། ཞབས་བྲོ་དང་གླུ་གཞས་འཁྲབ་སྟོན་སོགས་ཚུད། ཐོན་རྫས་ནི་སྣ་མང་ཞིང་ཕུན་སུམ་ཚོགས་ལ། ལྟད་མོ་བ་རྒྱུན་ཆད་མེད་དོ།། 

ལྟད་མོ་བས་ལྷ་སའི་མི་རིགས་ལག་ཤེས་བཟོ་རྩལ་གྱི་འགྲེམས་ཁུལ་དུ་ལྟ་སྐོར་བྱེད་བཞིན་པ།
       ཡུལ་དངོས་ཀྱི་ལྟ་སྐོར་བས། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་མོའི་ཁོངས་མི་ཞིག་ཡིན་པའི་ངོས་ནས། བོད་ལྗོངས་ཀྱི་ལོ་རྒྱུས་རིག་གནས་ལ་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ལྡན་ཞིང་། རྒྱལ་ས་པེ་ཅིང་དུ་གངས་ལྗོངས་མཐོ་སྒང་ནས་ཡོང་བའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་ས་གནས་དེ་གའི་ཁྱད་ལྡན་ཐོན་རྫས་ལ་རོལ་མྱོང་དང་ཉམས་ལེན་བྱེད་ཐབས་བྱུང་བས་དགའ་ཚོར་ཆེན་པོ་བྱུང་། སླད་ཕྱིན་གོ་སྐབས་བྱུང་ཚེ་ངེས་པར་དུ་ཐག་ཉེ་སར་བཅར་ནས་བོད་ལྗོངས་ཀྱི་སྤྲོ་སེམས་དང་ཡིད་དབང་འཕྲོག་ཤུགས་ལ་རོལ་མྱོང་བྱེད་ཀྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།