ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་ཀྱི་ཆ་སྙོམས་གླ་ཆ་རྒྱལ་ཡོངས་ཀྱི་ཨང་རིམ་འདིར་སླེབས་འདུག

སྤེལ་དུས 2023-11-22 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
              ཉེ་བའི་ལོ་ཤས་རིང་། རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཚན་པའི་ལས་ཞུགས་མི་སྣའི་ཆ་སྙོམས་གླ་ཆ་ལོ་རེ་བཞིན་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད།
              རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལ་གཞིགས་ན། 2022ལོར་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་སྒེར་གཉེར་མིན་པའི་ཚན་པའི་ལས་ཞུགས་མི་སྣའི་ལོའི་ཆ་སྙོམས་གླ་ཆ་སྒོར114029ཟིན་པ་དེ་ལོ་གོང་མ་ལས་སྒོར7192འཕར་ནས་མིང་ཐོག་གླ་ཆ6.7%འཕར་བ་དང་། འཕར་ཚད་ལོ་གོང་མ་ལས་བརྒྱ་ཆའི་གྲངས3ཆག་ཡོད་ལ་རིན་གོང་གི་རྒྱུ་རྐྱེན་འཐེན་རྗེས་དངོས་སུ4.6%འཕར་ཡོད་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་སྒེར་གཉེར་ཚན་པའི་ལས་ཞུགས་མི་སྣའི་ལོ་རེའི་ཆ་སྙོམས་གླ་ཆ་སྒོར65237ཟིན་པ་དེ་ལོ་གོང་མ་ལས་སྒོར2353འཕར་ནས་མིང་ཐོག་གླ་ཆ3.7%འཕར་བ་དང་། འཕར་ཚད་ལོ་གོང་མ་ལས་བརྒྱ་ཆའི་གྲངས5.2ཆག་ཡོད་ལ་རིན་གོང་གི་རྒྱུ་རྐྱེན་འཐེན་རྗེས་དངོས་སུ1.7%འཕར་ཡོད།
              གསལ་བཤད་བྱེད་དགོས་པ་ཞིག་ལ། གླ་ཆ་བསྡོམས་རྩིས་བརྟག་དཔྱད་ཁྲོད་ཀྱི་སྒེར་གཉེར་མིན་པའི་ཁྲིམས་མིའི་ཚན་པའི་ནང་གཞུང་ཁོངས་སྡེ་ཚན་དང་། ཐུན་མོང་སྡེ་ཚན། མཉམ་གཉེར་དཔལ་འབྱོར། མ་རྐང་ལམ་ལུགས་ཀྱི་དཔལ་འབྱོར། ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་བཏང་བའི་དཔལ་འབྱོར། ཞང་ཀང་དང་། ཨའོ་མོན། ཐའེ་ཝན་བཅས་ཀྱིས་མ་དངུལ་བཏང་བའི་དཔལ་འབྱོར་སོགས་ཀྱི་སྡེ་ཚན་ཚུད་ཡོད། སྤྱི་ཡོངས་ནས་བཤད་ན། སྒེར་གཉེར་མིན་པའི་ཚན་པའི་ཆ་སྙོམས་གླ་ཆ་དེ་སྒེར་གཉེར་ཚན་པའི་ཆ་སྙོམས་གླ་ཆ་ལས་ཆེས་ཆེར་མཐོ་བ་ཡོད།

              ད་ལོའི་ཟླ5པར་རྒྱལ་ཁབ་བསྡོམས་རྩིས་ཅུས་མི་འབོར་དང་ལས་ཞུགས་བསྡོམས་རྩིས་སིའི་སི་ཀྲང་ཝང་ཕིང་ཕིང་གིས2022ལོའི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཚན་པའི་ལས་ཞུགས་མི་སྣའི་ཆ་སྙོམས་གླ་ཆའི་གཞི་གྲངས་གསལ་བཤད་བྱེད་སྐབས། རྒྱུ་རྐྱེན་སྣ་ཚོགས་ཀྱི་རྐྱེན་པས་ཞིབ་ཕྲའི་མི་སྒེར་གྱི་གླ་ཆའི་ཆུ་ཚད་དང་འཕར་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་འཕར་ཚད་དང་བསྡུར་ན་ཧེ་བག་ཆེ་ཙམ་ཡོད་སྲིད་པས། ལས་རིགས་དང་། ས་ཁུལ། ཚན་པའི་དབྱེ་བ། ལས་གནས་བཅས་དང་། དེ་བཞིན་ཚན་པའི་གཉེར་སྐྱོང་གནས་ཚུལ་དང་མི་སྒེར་གྱི་ཞིབ་ཕྲའི་གནས་ཚུལ་ལ་གཞིགས་ཏེ་ཕྱོགས་ཡོངས་ནས་དབྱེ་ཞིབ་དང་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་དགོས་ཞེས་བརྗོད།
              ཞིང་ཆེན་དབྱེ་ནས་བལྟས་ན། ཞིང་ཆེན་གང་དག་གི་ཆ་སྙོམས་གླ་ཆ་དེ་བས་མཐོ་བ་ཡོད་དམ། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་རྩོམ་སྒྲིག་དཔེ་སྐྲུན་བྱས་པའི《ཀྲུང་གོ་བསྡོམས་རྩིས་ཀྱི2023ལོའི་ལོ་འཁོར་མེ་ལོང》ཞེས་པའི་ནང2022ལོའི་ཞིང་ཆེན31གི་གྲོང་ཁྱེར་དང་གྲོང་རྡལ་གྱི་སྒེར་གཉེར་མིན་པའི་ཚན་པ་དང་སྒེར་གཉེར་ཚན་པའི་ལས་ཞུགས་མི་སྣའི་ཆ་སྙོམས་གླ་ཆའི་གཞི་གྲངས་ཡོངས་བསྒྲགས་བྱས་ཤིང་། ཆ་སྙོམས་གླ་ཆ་ནས་བལྟས་ན། སྒེར་གཉེར་མིན་པའི་ཚན་པའི་ཁྲོད་ཁྱོན་ཞིང་ཆེན18སྒོར་ཁྲི10ལས་བརྒལ་བའི་ནང་མདུན་གྲལ་བཅུ་ནི་ཧྲང་ཧའེ་དང་། པེ་ཅིང་། བོད་ལྗོངས། ཐེན་ཅིན། ཀྲེ་ཅང་། ཀོང་ཏུང་། ཅང་སུའུ། མཚོ་སྔོན། ཉིང་ཞ། ཁྲུང་ཆིང་བཅས་རེད། མདུན་གྲལ་ཞིང་ཆེན10ཡི་ཁྲོད6ནི་ཤར་རྒྱུད་མཚོ་འགྲམ་གྱི་དར་རྒྱས་ཆེ་བའི་ས་ཁུལ་ནས་ཡིན་པ་སྟེ། ཧྲང་ཧའེ་དང་། པེ་ཅིང་། ཐེན་ཅིན་བཅས་ཐད་སྐྱོང་གྲོང་ཁྱེར་ཆེན་པོ་གསུམ་དང་། ཀྲེ་ཅང་དང་། ཀོང་ཏུང་། ཅང་སུའུ་བཅས་ཤར་ལྷོའི་མཚོ་རྒྱུད་ཀྱི་དཔལ་འབྱོར་ཞིང་ཆེན་ཆེན་པོ་གསུམ་རེད། མཚོ་རྒྱུད་དར་རྒྱས་ཆེ་བའི་ས་ཁུལ་ཕུད་ནུབ་རྒྱུད་ས་ཁུལ་གྱི་བོད་ལྗོངས་དང་། མཚོ་སྔོན། ཉིང་ཞ། ཁྲུང་ཆིང་བཅས་ཀྱང་མདུན་གྲལ་གྱི་ཨང་བཅུ་ཡི་ནང་ཚུད་ཡོད།
              གཤམ་གྱི་རེའུ་མིག་ནི2022ལོའི་ཞིང་ཆེན31གི་གྲོང་ཁྱེར་དང་གྲོང་རྡལ་གྱི་སྒེར་གཉེར་མིན་པའི་ཚན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་སྒེར་གཉེར་ཚན་པའི་ལས་ཞུགས་མི་སྣའི་ཆ་སྙོམས་གླ་ཆ་ཡིན་པ།(འབྱུང་ཁུངས《ཀྲུང་གོ་བསྡོམས་རྩིས་ཀྱི2023ལོའི་ལོ་འཁོར་མེ་ལོང》ཡིན)
              དེའི་ནང་ཧྲང་ཧའེ་དང་པེ་ཅིང་ས་གནས་གཉིས་ཀྱི་སྒེར་གཉེར་མིན་པའི་ཚན་པའི་ལས་ཞུགས་མི་སྣའི་ཆ་སྙོམས་གླ་ཆ་སྒོར་ཁྲི20ལས་བརྒལ་ནས་ཞིང་ཆེན་ཁག་གི་མདུན་ཤོས་སུ་སླེབས་ཡོད། ཧྲང་ཧའེ་དང་པེ་ཅིང་གི་དེང་རབས་ཞབས་ཞུའི་ལས་རིགས་དང་། མཐོ་གསར་ལག་རྩལ་ཐོན་ལས། གསར་དར་ཐོན་ལས་བཅས་དར་རྒྱས་ཧ་ཅང་ཆེན་པོ་ཡོད་པ་དང་། སྤྱི་ཁྱབ་པུའི་དཔལ་འབྱོར་འབུར་དུ་ཐོན་པ། ཕོགས་མཐོའི་ལས་གནས་མང་བ་བཅས་ལས་ཤེས་ལྡན་མི་སྣ་འབོར་ཆེན་གཅིག་སྡུད་བྱེད་པའི་ཡིད་དབང་བཀུག་ཡོད་ལ། སྤྱི་ཡོངས་ཀྱི་ཆ་སྙོམས་གླ་ཆའང་མཐོ་པོ་ཡོད།
              གྲོང་ཁྱེར་དང་གྲོང་རྡལ་གྱི་སྒེར་གཉེར་ཚན་པའི་ལས་ཞུགས་མི་སྣའི་ཆ་སྙོམས་གླ་ཆའི་ཐད་ཧྲང་ཧའེ་དང་། པེ་ཅིང་། ཀོང་ཏུང་། ཀྲེ་ཅང་། ཅང་སུའུ་བཅས་མདུན་གྲལ་གྱི་ཨང་ལྔའི་ནང་ཚུད་ཡོད་ཅིང་། དེའི་ནང་ཧྲང་ཧའེ་དང་པེ་ཅིང་ཐད་སྐྱོང་གྲོང་ཁྱེར་གཉིས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་སྒེར་གཉེར་ཚན་པའི་ལས་ཞུགས་མི་སྣའི་ཆ་སྙོམས་གླ་ཆ་སྒོར་ཁྲི10ཡི་འགག་སྒོ་ཆེ་མོ་ལས་སྒྲོལ་བ་དང་། ཀོང་ཏུང་གི་གྲོང་ཁྱེར་དང་གྲོང་རྡལ་གྱི་སྒེར་གཉེར་ཚན་པའི་ལས་ཞུགས་མི་སྣའི་ཆ་སྙོམས་གླ་ཆ་སྒོར77657ཟིན་ནས་ཨང་གསུམ་པར་སླེབས་ཡོད་ལ། ཀྲེ་ཅང་དང་ཅང་སུའུ་ཡང་སྒོར་ཁྲི7ལས་བརྒལ་ཡོད། སྤྱི་ཡོངས་ནས་བལྟས་ན། སྒེར་གཉེར་ཚན་པའི་ལས་ཞུགས་མི་སྣའི་ཆ་སྙོམས་གླ་ཆ་མདུན་གྲལ་གྱི་ཨང་ལྔའི་ནང་ཚུད་པའི་ཞིང་ཆེན་ཚང་མ་ཤར་རྒྱུད་མཚོ་རྒྱུད་ཀྱི་དར་རྒྱས་ཆེ་བའི་ས་ཁུལ་ཤ་སྟག་རེད།
              ས་ཁོངས་ཀྱི་ཧེ་བག་ཕུད་ལས་རིགས་མི་འདྲ་བའི་དབར་གྱི་ཧེ་བག་ཀྱང་ཆེན་པོ་ཡོད་ཅིང་། རྒྱལ་ཡོངས་ནས་བལྟས་ན། 2022ལོར་གྲོང་ཁྱེར་དང་གྲོང་རྡལ་གྱི་སྒེར་གཉེར་མིན་པའི་ཚན་པའམ་ཡང་ན་སྒེར་གཉེར་ཚན་པ་གང་ཡིན་རུང་ལས་ཞུགས་མི་སྣའི་ལོའི་ཆ་སྙོམས་གླ་ཆའི་ཆུ་ཚད་མདུན་གྲལ་གྱི་ཨང་གསུམ་པའི་ནང་ཚུད་པའི་ལས་རིགས་ཚང་མ་ནི་ཆ་འཕྲིན་བརྒྱུད་གཏོང་དང་། མཉེན་ཆས། ཆ་འཕྲིན་ལག་རྩལ་ཞབས་ཞུའི་ལས་རིགས་དང་། དངུལ་རྩའི་ལས་རིགས། ཚན་རིག་ཞིབ་འཇུག་དང་ལག་རྩལ་ཞབས་ཞུའི་ལས་རིགས་བཅས་རེད།
              ས་གནས་ཁག་ནས་བལྟས་ན། ཞིང་ཆེན་ཁག་གི་གྲོང་ཁྱེར་དང་གྲོང་རྡལ་གྱི་སྒེར་གཉེར་མིན་པའི་ཚན་པའི་ཁྲོད་ལས་ཞུགས་མི་སྣའི་ཆ་སྙོམས་གླ་ཆ་མདུན་གྲལ་གྱི་ཨང་གསུམ་པའི་ནང་ཚུད་པའི་ལས་རིགས་ལ་ཁྱད་པར་མངོན་གསལ་དོད་པོ་ཡོད་ཅིང་། ནོར་དཔལ་སྨྱན་སྦྱོར་ཚོགས་པ་དང་པོའི་གསར་འགོད་པས་གསེད་བཀྲོལ་བྱས་པ་བརྒྱུད། ཆ་འཕྲིན་བརྒྱུད་གཏོང་དང་། མཉེན་ཆས། ཆ་འཕྲིན་ལག་རྩལ་ཞབས་ཞུའི་ལས་རིགས་ཞིང་ཆེན10ཡི་གྲོང་ཁྱེར་དང་གྲོང་རྡལ་གྱི་སྒེར་གཉེར་མིན་པའི་ཚན་པའི་ལས་རིགས19ཡི་ནང་ལས་ཞུགས་མི་སྣའི་ཆ་སྙོམས་གླ་ཆ་ཨང་དང་པོར་སླེབས་ཡོད་པ་དང་། དངུལ་རྩའི་ལས་རིགས་འདི་ཉིད་ཞིང་ཆེན9ཡི་སྒེར་གཉེར་མིན་པའི་ཚན་པའི་ནང་ལས་ཞུགས་མི་སྣའི་ཆ་སྙོམས་གླ་ཆ་ཨང་དང་པོར་སླེབས་ཡོད་པ་ཤེས་རྟོགས་བྱུང་ཡོད།
              རྒྱལ་ཡོངས་ཀྱི་གཞི་གྲངས་ནས་བལྟས་ན། ཆ་སྙོམས་གླ་ཆ་མདུན་གྲལ་གྱི་ཨང་གསུམ་པའི་ནང་ཚུད་པའི་ལས་རིགས་ཁྲོད་གཏེར་འདོན་ལས་རིགས་ཚུད་མེད་མོད། འོན་ཀྱང་ཞིང་ཆེན་ཁག་གཅིག་དང་ལྷག་པར་དུ་ཐོན་ཁུངས་རྣམ་པའི་ཐོན་ལས་ཅུང་མངོན་གསལ་དོད་པའི་ཞིང་ཆེན་ཁག་གཅིག་ཏུ་གཏེར་འདོན་ལས་རིགས་ཀྱི་ཆ་སྙོམས་གླ་ཆ་མདུན་གྲལ་དུ་སླེབས་ཡོད། དེའི་ནང་ནང་སོག་དང་། ཧྲན་ཞི། ཧེ་ལུང་ཅང་། ཀན་སུའུ། མཚོ་སྔོན། ཉིང་ཞ། ཤིན་ཅང་། ཨན་ཧུའེ་བཅས་ཚུད་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་སྒེར་གཉེར་མིན་པའི་ཚན་པའི་ཁྲོད་ཡོང་འབབ་མཐོ་ཤོས་ཀྱི་ལས་རིགས་ནི་གཏེར་འདོན་ལས་རིགས་ཡིན།
 
རྩོམ་སྒྲིག་པ། རིག་གྲོལ།