ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

རྒྱབ་ཤ་དཀར་པོའི་དེབ་ཀྱི་མཐོ་རིམ་གླེང་སྟེགས་པེ་ཅིང་དུ་འཚོགས་པ།

སྤེལ་དུས 2023-11-22 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
              ཟླ11པའི་ཚེས21ཉིན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ལག་ལེན་དང་དེའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཀྱི་མཐོ་རིམ་གླེང་སྟེགས་པེ་ཅིང་དུ་འཚོགས་པ་དང་། གླེང་སྟེགས་དེ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་གཙོ་གཉེར་བྱས་ཤིང་བརྗོད་དོན་གཙོ་བོ་ནི《དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་ལེན་དང་དེའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་དྲིལ་སྒྲོག་དང་དེར་འགྲེལ་བརྗོད་བྱ་ཆེད་ཡིན་པ་རེད། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ། བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་། བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོ་བཅས་ནས་ཕེབས་པའི་ཆེད་མཁས་པ་དང་ཤེས་ལྡན་པ།  ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་འབྲེལ་ཡོད་ཚན་རིག་ཞིབ་འཇུག་མི་སྣ་བཅས50ཙམ་ཚོགས་འདུར་ཞུགས་ཡོད། 

              རྒྱབ་ཤ་དཀར་པོའི་དེབ་ཀྱི་ནང་དུ་ཞིབ་ཅིང་ཕྲ་བའི་གྲངས་གཞི་དང་དོན་དངོས་འབོར་ཆེན་གྱི་ཐོག་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་སྣེ་ཁྲིད་འོག་བོད་ལྗོངས་ཀྱི་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་ཕྱོགས་བསྡོམས་བྱས་ཡོད། དེའི་ཐོག་ནས་བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ལ་འཕེལ་རྒྱས་ཡར་ཐོན་བྱུང་བ་ནི་ཀྲུང་གོའི་འཛུགས་སྐྲུན་ལ་ཐོབ་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཀྱི་དཔེ་མཚོན་བསྡུས་རིས་ཤིག་དང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱིས་འཛམ་གླིང་ཡང་རྩེར་བཏོད་པའི་མིའི་རིགས་ཀྱི་འཕེལ་རྒྱས་ཀྱི་ངོ་མཚར་ཞིག་ཡིན་པ་རྩོད་མེད་དུ་མཚོན་ཡོད། 

              ཚོགས་འདུའི་ཐོག ཆེད་མཁས་པ་དང་རིག་གཞུང་ཞིབ་འཇུག་པ7གྱིས་གཙོ་དོན་གཏམ་བཤད་གནང་བ་དང་། ཚང་མས་གླེང་སྟེགས་ཀྱི་བརྗོད་བྱ་གཙོ་བོར་དམིགས་ནས་ཕྱོགས་མང་པོའི་ཐད་སྤེལ་རེས་དང་ཞིབ་བསྡུར་བྱས་ཏེ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ལག་ལེན་དང་དེའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་གྲོས་བསྡུར་གང་ལེགས་བྱས་ནས་དུས་རབས་གསར་པའི་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་བོད་ལྗོངས་ཀྱི་ལག་ལེན་ཐད་ཐབས་ཇུས་ཧུར་ཐག་བཏོན་ཡོད། 

              ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་དགྲ་འདུལ་གྱིས་ཕྱོགས་བསྡོམས་གསུང་བཤད་གནང་སྐབས་སུ་རྒྱབ་ཤ་དཀར་པོའི་དེབ་འགྲེམས་སྤེལ་བྱས་པར་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད། རྒྱབ་ཤ་དཀར་པོའི་དེབ་ཀྱི་ནང་དུ་ཞིབ་ཅིང་ཕྲ་བའི་གྲངས་གཞི་དང་དོན་དངོས་འབོར་ཆེན་གྱི་ཐོག་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་སྣེ་ཁྲིད་འོག་བོད་ལྗོངས་ཀྱི་དཔལ་འབྱོར་དང་། རིག་གནས། མི་རིགས། ཆོས་ལུགས། བདེ་འཇགས། འབྱུང་ཁམས། ཁྲིམས་སྐྱོང་སོགས་ཀྱི་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་ཐོན་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་ཕྱོགས་བསྡོམས་བྱས་པ་མ་ཟད། རྒྱང་སྐྱོད་ཀྱི་བགྲོད་ལམ་གསར་པའི་ཐོག་ཏུ་བོད་ལྗོངས་ཀྱི་ལས་དོན་ཡག་པོ་བསྒྲུབ་པ་དང་བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་མུ་མཐུད་དུ་རྩོམ་པའི་འགྱུར་མེད་ཀྱི་ཆོད་སེམས་དང་ཡིད་ཆེས་གང་ལེགས་ཀྱིས་མངོན་ཡོད།

              བོད་ལྗོངས་ཀྱིས་བླངས་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དེ་དག་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་མཛུབ་ཁྲིད་དང་ཁ་བྲལ་ཐབས་མེད་ལ། རྒྱལ་ཡོངས་མི་དམངས་ཀྱི་རོགས་སྐྱོར་དང་ཡང་ཁ་བྲལ་ཐབས་མེད་ཅིང་། དེ་བས་ཀྱང་བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་དཀའ་སྤྱད་འབད་འཐབ་དང་ཡང་ཁ་བྲལ་ཐབས་མེད། བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་རླབས་ཆེ་བླངས་པ་དེའི་ཐོག་ནས་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་འགྲན་ཟླ་བྲལ་བའི་དགེ་མཚན་གང་ལེགས་ཀྱིས་མངོན་པ་དང་། དེ་ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་ཤིང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བའི་བསྡུས་རིས་ཤིག་ཀྱང་རེད། དུས་རབས་གསར་པར་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་བོད་ལྗོངས་ཀྱི་ལེའུ་གསར་པ་གཏོད་པར་བསམ་བློ་དང་བྱ་སྤྱོད་གཉིས་ཀ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བཟུང་སྟེ། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་ལམ་བུའི་ཐོག་བསྐྱོད་པ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པ་དང་གོང་འཕེལ་གྱི་འདུ་ཤེས་གསར་པ་ཆ་ཚང་ལ་གནད་ལ་འཁེལ་བའི་སྒོ་ནས་ལག་ལེན་དུ་བསྟར་བ། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་རྒྱག་རྒྱུ་དེ་བོད་ལྗོངས་ཀྱི་ལས་དོན་གྱི་དམིགས་ས་དང་ཤུགས་རྒྱག་སར་བརྩི་བ་དང་། དམངས་འཚོ་ཇེ་ལེགས་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་དེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་འབབ་སར་བརྩིས་ཏེ། དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང་གྲོང་གསེབ་དར་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ། སྐྱེས་ཁམས་ཤེས་དཔལ་འཛུགས་སྐྱོང་གི་མཐོ་གནས་གཏོད་པ་དང་བོད་ལྗོངས་ཀྱི་དོན་དངོས་དང་འཚམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དགོས། བོད་རིག་པའི་ཞིབ་འཇུག་ལས་དོན་པས་ལོ་རྒྱུས་ཀྱི་གོ་སྐབས་གསར་པ་དམ་འཛིན་ཡག་པོ་བྱས་ཏེ། དངོས་ཡོད་ལས་དོན་ཁྲོད་ནས་འགན་འཁྲི་གསར་པ་མངོན་པ་དང་། དྲང་སྲུང་གསར་གཏོད་ཁྲོད་ནས་བྱས་རྗེས་གསར་པ་བཞག་ནས་བོད་ལྗོངས་འདི་ཉིད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་པོས་གོང་འཕེལ་ཡོང་ཆེད་ལེགས་སྐྱེས་འབུལ་དགོས་ཞེས་གསུངས་ཡོད་པ་རེད། 


རྩོམ་སྒྲིག་པ། རིག་གྲོལ།