ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས《དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ལག་ལེན་དང་དེའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས》ཀྱི་རྒྱབ་ཤ་དཀར་པོའི་དེབ་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ།

སྤེལ་དུས 2023-11-27 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
ཡན་ཅིན་ཧའེ་ཡིས་དུས་རབས་གསར་པའི་བོད་ལྗོངས་ཀྱི་འཕེལ་རྒྱས་གནས་ཚུལ་ངོ་སྤྲོད་གནང་བ་དང་འབྲེལ་སྨྱན་སྦྱོར་གསར་འགོད་པའི་དྲི་བར་ཡང་ལན་བསྐྱོན་པ། ཝང་ཀང་གིས་རྒྱབ་ཤ་དཀར་པོའི་དེབ་ཀྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་བ།
              ཟླ་11ཚེས་10ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས《དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ལག་ལེན་དང་དེའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས》ཀྱི་རྒྱབ་ཤ་དཀར་པོའི་དེབ་ཁྱབ་བསྒྲགས་བྱས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་དུས་རབས་གསར་པའི་བོད་ལྗོངས་ཀྱི་འཕེལ་རྒྱས་གནས་ཚུལ་ངོ་སྤྲོད་གནང་བ་དང་འབྲེལ་སྨྱན་སྦྱོར་གསར་འགོད་པའི་དྲི་བར་ཡང་ལན་བསྐྱོན་པ་རེད།

              ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ཝང་ཀང་གིས་རྒྱབ་ཤ་དཀར་པོའི་དེབ་ཀྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་བ་དང་། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་དབང་ཧའེ་ཀྲོའུ་དང་ཞུས་ཀྲི་ཐའོ་ཞུགས་ཡོད་པ་རེད།
              ཡན་ཅིན་ཧའེ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་ལ་གཟིགས་སྐྱོང་གང་མང་དང་རེ་བ་ཆེན་པོ་བཅོལ་གནང་ཡོད། དུས་རབས་གསར་པ་ཤར་ཚུན། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས“བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་ཀྱི་གཟི་བརྗིད་ལས་འགན་མཐའ་གཅིག་ཏུ་འཁུར་ནས“དོན་ཆེན་བཞི”སྤྱི་ཡོངས་རང་བཞིན་གྱི་ངེས་གནས་དང་། ཕྱོགས་ཡོངས་ཀྱི་བླང་བྱ། བརྒྱུད་རིམ་ཧྲིལ་པོའི་སྣེ་ཁྲིད་བཅས་ལ་བརྩིས་ཏེ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་པས་བདེ་སྡོད་ལས་བརྩོན་དང་བདེ་སྐྱིད་ཁམས་བཟང་གི་རྣམ་པ་གསར་པ་མངོན་པ་དང་། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་དོན་འཁྱོལ་མཐའ་འཁྱོངས་བྱས་པས་མཐུན་སྒྲིལ་འཆམ་མཐུན་དང་བརྟན་ལྷིང་ཞི་མཐུན་གྱི་རྣམ་པ་གསར་པ་མངོན་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་མཐའ་འཁྱོངས་བྱས་པས་དར་རྒྱས་གོང་འཕེལ་དང་ཡར་ངོའི་ཟླ་ལྟར་འཕེལ་བའི་རྣམ་པ་གསར་པ་མངོན་པ། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་བསྐྱོད་པ་མཐའ་འཁྱོངས་བྱས་པས་ནམ་མཁའ་སྔོ་ཞིང་ས་གཞི་སྔོ་ལྗང་དང་ཆུ་མོ་དྭངས་ཤིང་ཡུལ་ལྗོངས་མཛེས་པའི་རྣམ་པ་གསར་པ་མངོན་པ། “རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བར་བྱེད་དགོས་པའི”འཐབ་ཇུས་ཀྱི་དགོངས་པ་མཐའ་འཁྱོངས་བྱས་པས་མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་ཀྱི་རྣམ་པ་གསར་པ་མངོན་པ། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་བརྒྱབ་པས་ནུས་སེམས་གཅིག་སྒྲིལ་དང་སྤྱོད་བཟང་གཞུང་དྲང་གི་རྣམ་པ་གསར་པ་མངོན་པ་བཅས་བྱུང་ཡོད། བོད་ལྗོངས་ཀྱི་འགྱུར་ལྡོག་ཆེན་པོ་ནི་དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བའི་གསོན་ཉམས་དོད་པའི་བསྡུས་རིས་ཤིག་རེད། བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ནི་དུས་རབས་གསར་པར་བོད་འཕེལ་རྒྱས་དང་ཡར་ཐོན་ཡོང་བའི་རྨང་གཞི་དང་། ཁ་ཕྱོགས་ས། སྟོབས་ཤུགས་ཀྱི་འབྱུང་རྩ་བཅས་ཡིན་ཞེས་གསུངས་པ་རེད།
              ཝང་ཀང་གིས་རྒྱབ་ཤ་དཀར་པོའི་དེབ་ནང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་དང་བོད་ལྗོངས་སུ་་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། “ངེས་པར་དུ་བཅུ”ལ་དམིགས་ནས་བོད་འདི་ཉིད་དུས་རབས་གསར་པར་སླེབས་ཚུན། ཆབ་སྲིད་དང་། དཔལ་འབྱོར། རིག་གནས། མི་རིགས། ཆོས་ལུགས། སྤྱི་ཚོགས། སྐྱེ་ཁམས་ཤེས་དཔལ་བཅས་ཀྱི་ཁྱབ་ཁོངས་ཁག་ལ་ཐོབ་པའི་འཕེལ་རྒྱས་དང་ཡར་ཐོན་གཙོ་གནད་ཐོག་ངོ་སྤྲོད་བྱས་ཡོད། དངོས་ཡོད་ཀྱི་དཔེ་མཚོན་དང་ཞིབ་ཚགས་དྲང་བདེན་གྱི་གྲངས་གཞི་བརྒྱུད། བོད་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ། སྤྱི་ཚོགས་སྤྱི་ཡོངས་སྔར་བས་བརྟན་ལྷིང་བྱུང་བ། དཔལ་འབྱོར་རིག་གནས་སྔར་བས་དར་ཞིང་རྒྱས་པ། སྐྱེ་ཁམས་ཁོར་ཡུག་སྔར་བས་ལེགས་པ། མི་དམངས་ཀྱི་འཚོ་བ་སྔར་བས་བདེ་ཞིང་སྐྱིད་པ། ཏང་གི་ཆོས་ལུགས་སྲིད་ཇུས་ཁྱོན་ཡོངས་ནས་ལག་ལེན་བསྟར་བ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་རྒྱུན་མཐུད་གཏིང་ཟབ་སྤེལ་བ། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་རྒྱུན་མཐུད་སྐུལ་འདེད་བཏང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་ཕྱིན་པ་བཅས་བྱུང་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པས་འབད་འབུངས་ཡར་བརྩོན་གྱི་རྒྱང་ལམ་གསར་པར་སྐྱོད་པའི་འཆར་འགོད་རི་མོ་ཞིག་གང་ལེགས་མངོན་གྱི་ཡོད། དུས་རབས་གསར་པར་བོད་འཕེལ་རྒྱས་དང་ཡར་ཐོན་བྱུང་བ་ལས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ནི་རྦད་དེ་ཡང་དག་པ་ཞིག་ཡིན་པ་ར་སྤྲོད་གང་ལེགས་བྱས་ཡོད་ཅེས་གསུངས་པ་རེད།
              ངོ་སྤྲོད་བྱས་པར་གཞིགས་ན། རྒྱབ་ཤ་དཀར་པོའི་དེབ་གླེང་གཞི་དང་། གཞུང་དངོས། མཇུག་བསྡུའི་གཏམ་བཅས་ཁག་གསུམ་ལ་དབྱེ་ཡོད། དེའི་ནང་གཞུང་དངོས་ལ“འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། བསམ་པའི་དཔལ་ཡོན་སྲོལ་གཏོད་ཀྱི་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། མི་རིགས་ཆོས་ལུགས་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བ། སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་བརྟན་ལྷིང་དང་ཡར་རྒྱས་བྱུང་བ། སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་བཅད་ཉིན་བཞིན་བརྟན་དུ་སོང་བ། དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཤུགས་སྣོན་ཟམ་མི་ཆད་པ་བརྒྱབ་པ”སོགས་དོན་ཚན་ཁག་དྲུག་ཚུད་ཡོད། གསར་འགོད་པས་གོམ་སྟབས་རྗེས་མར། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལ་གྲུབ་འབྲས་གསར་པ་ཐོབ་པར་མུ་མཐུད་སྐུལ་འདེད་ཇི་ལྟར་གཏོང་རྩིས་ཡོད་པའི་སྐོར་འདྲི་སྐབས། ཡན་ཅིན་ཧའེ་ཡིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ནི་བོད་ལྗོངས་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་རྩ་བ་དང་བླ་སྲོག་ལྟ་བུ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་ལ་གསལ་བཏོན་གནང་བའི“དོན་ཆེན་བཞིར”དམིགས་ཏེ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག“འཛུགས་གཏོད་བཞིའི”དམིགས་ཚད་བཏོན་ནས“མདུན་གྲལ་དུ་སླེབས་པ་བཞི”ཧུར་ཐག་བྱེད་ཅེས་བཏོན་ཡོད། འདི་ནི་བོད་ལྗོངས་ཀྱི་དོན་དངོས་ལ་གཞི་ཚུགས་ཏེ་ལོ་མང་རིང་འཕེལ་རྒྱས་ཀྱི་ཉམས་མྱོང་ཕྱོགས་སྡོམ་བྱས་ནས་བཏོན་པའི་འབད་འཐབ་ཀྱི་དམིགས་ཚད་ཅིག་དང་གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་དང་། གནད་དོན་གསར་པ་ཐག་གཅོད། ལམ་སྲོལ་གསར་པ་འཚོལ་ཞིབ་བཅས་ཀྱི་ཞིབ་ཕྲའི་མཚོན་ཚུལ་ཞིག བོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་གཞི་རྟེན་ནུས་ལྡན་དང་སྤྱོད་སྒོ་ཆོད་པ་ཞིག་བཅས་རེད་ལ། བོད་ལྗོངས་ཀྱི་འཕེལ་རྒྱས་ཀྱི་དོན་དངོས་དང་མཐུན་པ་དང་ལག་ལེན་ལ་བརྟེན་ནས་འཚོལ་ཞིབ་ཐུབ་པའི་ལམ་བུ་ཞིག་ཀྱང་རེད་ཅེས་གསུངས། ང་ཚོས་ངོས་འཛིན་གསལ་པོ་ཐུབ་པར། “འཛུགས་གཏོད་བཞི”ནི་བརྒྱུད་རིམ་ཡུན་རིང་ལྡན་པ་ཞིག་ཡིན་པས། ངེས་པར་དུ་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་བརྟན་པོ་འཛུགས་པ་དང་། མིག་སྔར་གཞི་ཚུགས་པ་དང་ཕུགས་ལ་དམིགས་པ། རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པའི་བྱ་བ་མང་ཙམ་སྒྲུབ་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྔོན་འགོག་བྱེད་པ། འཕྲལ་མར་འགྲུབ་རེ་བྱེད་པ་སྔོན་འགོག “དོན་ཆེན་བཞི”དང“འཛུགས་གཏོད་བཞི”བོད་ལྗོངས་ཀྱི་མི་དམངས་ཀྱིས་བདེ་སྐྱིད་དང་ཕན་བདེ་དོན་གཉེར་གྱི་ཞིབ་ཕྲའི་འདུ་འགོད་ལ་བརྩི་བ། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱིས་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པར་བྱེད་པ་དང་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཐབ་ཇུས་དམིགས་ཚད་དངོས་འབྲེལ་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ལྗོངས་ཀྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་དགོས།
              གསར་འགོད་པས་དུས་རབས་གསར་པར་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་རིང་བོད་ལྗོངས་ལ་བྱ་ཐབས་གལ་ཆེན་གང་དག་ཡོད་པའི་སྐོར་འདྲི་སྐབས། ཡན་ཅིན་ཧའེ་ཡིས་མི་དམངས་རང་ཁྱིམ་རང་བདག་གི་ལམ་ལུགས་འགན་ལེན་ལ་ཤུགས་སྣོན་རྒྱག་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོའི་ནུས་པ་གལ་ཆེན་འདོན་པ། ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བ། གཞི་རིམ་གྱི་དམངས་གཙོ་འཕེལ་རྒྱས་གང་ལེགས་གཏོང་བ་བཅས་ཕྱོགས་བཞི་ནས་ལན་གཏིང་ཟབ་ལ་ཞིབ་ཅིང་ཕྲ་བ་བསྐྱོན་པ་རེད།
              ཡོངས་བསྒྲགས་ཚོགས་འདུའི་ཐོག གསར་འགོད་པས་ད་དུང་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་དང་། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་ལེན། ཞིང་འབྲོག་པའི་བུ་ཕྲུག་གི་སློབ་གསོ་ཐག་གཅོད། མང་ཚོགས་ཀྱི་ཆོས་དད་རང་མོས་ལ་བརྩི་འཇོག་དང་འགན་ལེན། བོད་ལྗོངས་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས། ཁོར་ཡུག་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་འབྲེལ་བ་ཇི་ལྟར་བྱས་ནས་ཐག་གཅོད་སོགས་ལ་དམིགས་ཏེ་དྲི་བ་མང་པོ་བཏོན་ཡོད། ཝང་ཀང་དང་། དབང་ཧའེ་ཀྲོའུ། ཞུས་ཀྲི་ཐའོ་བཅས་ཀྱིས་ཞིབ་ཚགས་དྲང་བདེན་གྱི་གྲངས་གཞི་དང་། གསོན་ཉམས་དོད་པའི་དཔེ་མཚོན་ནས་དྲི་བ་རེ་རེ་བཞིན་ལ་ལན་བསྐྱོན་པ་རེད།

རྩོམ་སྒྲིག་པ། རིག་གྲོལ།