ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་སུ་འབུམ་རམས་ཕྱི་ཚར་གསོ་སྐྱོང་ལ་གྲུབ་འབྲས་ཆེན་པོ་ཐོབ།

སྤེལ་དུས 2023-11-28 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
       ཉེ་ཆར། གསར་འགོད་པས་བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་ཤེས་རྟོགས་བྱུང་བ་ལྟར་ན།  ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཀྱིས་ཤེས་ལྡན་མི་སྣའི“སྐྱོང་འདྲེན་སྤྱོད་སྡོད”ཀྱི་ལས་དོན་ལག་ལེན་ཤུགས་ཆེན་བསྟར་ཏེ། ཚན་སློབ་ལ་བརྟེན་ནས་བོད་ལྗོངས་དར་རྒྱས་གཏོང་བ་དང་ཤེས་ལྡན་མི་སྣར་བརྟེན་ནས་བོད་ལྗོངས་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལག་བསྟར་བྱ་རྒྱུ་གཙོ་རྐང་དུ་བྱས་ཐོག“སྤུས་མཐོའི་གོང་འཕེལ་ལ་ཞབས་འདེགས་ཞུ་བ་དང་རིམ་མཐོའི་ཤེས་ལྡན་མི་སྣ་མགྱོགས་མྱུར་གྱིས་འདྲེན་རྒྱུ”དེ་འབུམ་རམས་ཕྱི་ཚར་གསོ་སྐྱོང་ལས་དོན་གྱི་དམིགས་ཡུལ་དུ་བརྩིས་ཤིང་། སྲིད་ཇུས་ཀྱི་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་བ་དང་། རང་འགུལ་ངང་ཞབས་འདེགས་ཞུས་ཏེ་འབུམ་རམས་ཕྱི་ཚར་བསྡུ་ཚད་མངོན་གསལ་དོད་པོས་མང་དུ་འགྲོ་བ་དང་འབུམ་རམས་ཕྱི་ཚར་གསོ་སྐྱོང་བྱེད་པའི་ཕན་འབྲས་ཉིན་རེ་བཞིན་མངོན་གསལ་དོད་དུ་འགྲོ་བར་སྐུལ་འདེད་བཏང་ཡོད། མིག་སྔའི་བར། བོད་ལྗོངས་ཀྱིས་འབུམ་རམས་ཕྱི་ཚར་གྱི་ཚན་ཞིབ་སྐོར་སྐྱོད་ས་ཚིགས3དང་ཚན་ཞིབ་ལས་དོན་ས་ཚིགས4བཙུགས་པ་དང་། ཞིབ་འཇུག་གི་ཁྱབ་ཁོངས་དེ་འབྱུང་ཁམས་རིག་པ་དང་། མི་རིགས་རིག་པ། བོད་ལུགས་གསོ་རིག་དང་བོད་སྨན། ས་མཐོའི་སྐྱེ་དངོས་ཞིབ་འཇུགའགྲིམ་འགྲུལ་ལས་གྲྭ། གཏེར་འདོན་བཙོ་སྦྱང་། ཞིང་ལས་ལས་གྲྭ་བཅས་རིག་ཚན་ཁྱབ་ཁོངས7དང་འབྲེལ་བ་ཡོད།

       ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་ཀྱིས་དུས་ཐོག་ཏུ《དུས་རབས་གསར་པའི་བོད་ལྗོངས་ཀྱི་ཤེས་ལྡན་མི་སྣའི་ལས་དོན་ལ་ཤུགས་སྣོན་དང་ལེགས་གཏོང་བྱ་རྒྱུའི་སྐོར་གྱི་བྱ་ཐབས་འགའ་ཞིག་(ཚོད་ལྟའི་ལག་བསྟར)གི་བརྡ་ཐོ》པར་འགྲེམས་བྱས་ནས། བོད་ལྗོངས་ཡོངས་ཀྱི་འབུམ་རམས་ཕྱི་ཚར་ལས་དོན་གྱི་མ་དངུལ་གཏོང་ཚད་ཆེས་ཆེར་མཐོ་རུ་བཏང་བ་དང་། འབུམ་རམས་ཕྱི་ཚར་ས་ཚིགས་ཁག་གིས་ས་ཚིགས་སུ་སླེབས་པའི་འབུམ་རམས་པ་རེར་སྒོར་ཁྲི50ཡི་རྒྱབ་སྐྱོར་བྱས་ཏེ། ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་འབུམ་རམས་ཕྱི་ཚར་ས་ཚིགས་ཁག་གིས་འབུམ་རམས་པ་བསྡུ་ལེན་དང་ནང་འདྲེན་བྱེད་དཀའ་བའི་གནད་དོན་ཞི་ལྷོད་དུ་བཏང་བ་རེད། འབུམ་རམས་ཕྱི་ཚར་གྱི་ས་ཚིགས་ཁག་གིས་རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། འབྲེལ་ཡོད་དོ་དམ་ལམ་ལུགས་བཟོས་ཏེ་ས་ཚིགས་སུ་འབུམ་རམས་པའི་སྡོད་ཁང་དང་ཐེམ་ཐོ་སྤོ་སྒྱུར། བུ་ཕྲུག་སློབ་གྲྭར་ཞུགས་པ། གོ་མིང་དཔྱད་བསྡུར་གཏན་འབེབས་སོགས་ཀྱི་གནད་དོན་མཐུན་སྦྱོར་ངང་ཐག་གཅོད་བྱས་ཡོད། དེ་དང་ཆབས་ཅིག་བོད་ལྗོངས་ཀྱིས“རྣམ་གྲངས+ཤེས་ལྡན་མི་སྣ+ཚོགས་པ+ལག་རྩལ་+མ་རྩ”བཅས་ཀྱི་བྱ་ཐབས་སྤྱད་དེ། འབུམ་རམས་ཕྱི་ཚར་ས་ཚིགས་ཀྱི་ཞིབ་འཇུག་གསར་སྤེལ་གྱི་ལེགས་ཆ་སྤྱད་དེ་ཤེས་ལྡན་མི་སྣ་རྩེ་གྲ་ཁེ་ལས་དང་ཚན་ཞིབ་ཁང་དུ་ཁྲིད་དེ། ཤེས་ལྡན་མི་སྣའི་ལེགས་ཆ་དེ་གསར་གཏོད་ཀྱི་ལེགས་ཆ་དང་ཐོན་ལས་ཀྱི་ལེགས་ཆར་བསྒྱུར་ཡོད།
       བསྡོམས་རྩིས་བྱས་པར་གཞིགས་ན། མིག་སྔར་བོད་ལྗོངས་ཀྱི་ས་ཚིགས་སུ་འབུམ་རམས་ཕྱི་ཚར10ཡོད་པ་དང་། ས་ཚིགས་ནས་ཐོན་པའི་འབུམ་རམས་ཕྱི་ཚར12ཡོད་ཅིང་། སྔ་རྗེས་སུ་ཞིང་ཆེན་དང་པུའུ་རིམ་པའི་རྣམ་གྲངས17དང་འབུམ་རམས་ཕྱི་ཚར་གྱི་ཚན་ཞིབ་ཐེབས་རྩའི་རྣམ་གྲངས6གཙོ་སྐྱོང་དང་ལག་བསྟར་བྱས་པ། རྒྱལ་ཁབ་དང་ཞིང་ཆེན། པུའུ་རིམ་པ་བཅས་ཀྱི་རྣམ་གྲངས15ཡི་ནང་ཞུགས་པ་མ་ཟད། ནས་དང་ཞི་འདྲེས་སྐྱེ་དངོས་ཤུགས་ཆེར་གཏོང་བ་དང་། རྩི་ཤིང་དང་སྔོ་ཚལ་རླངས་གསོ། ཟས་རིགས་སྐྱེ་དངོས། ས་མཐོའི་བཞོན་མའི་ནད་དང་གསོ་ཚགས། ས་མཐོའི་འཁྱགས་ས། གཏེར་རྫས་རྩད་ཞིབ་ཐིག་ལེན་སོགས་ཀྱི་ཁྱབ་ཁོངས་སུ་ཐོག་མའི་གསར་གཏོད་རང་བཞིན་གྱི་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་གལ་ཆེན་ཁག་ཅིག་ཐོབ་པ་དང་། ས་གནས་ཀྱི་ཚད་གཞི་ཆ་ཚང1གཏན་འབེབས་བྱས་པ། གསར་གཏོད་ཀྱི་ཆེད་ཁེ14ཐོབ་པ། ཞིང་ཆེན་དང་པུའུ་རིམ་པའི་ཚན་རྩལ་ཡར་ཐོན་གྱི་བྱ་དགའ་ཨང་དང་པོ2དང་། ས་ཁུལ་དང་གྲོང་ཁྱེར་རིམ་པའི་ཚན་རིག་ལག་རྩལ་གྱི་བྱ་དགའ་ཨང་དང་པོ1དང་། འབུམ་རམས་ཕྱི་ཚར་གྱི་ཕུལ་བྱུང་དཔྱད་རྩོམ་གྱི་བྱ་དགའ་ཨང་གསུམ་པ1དང་། དེ་བཞིན་རྒྱལ་ཡོངས་ཀྱི་རིམ་ལྡན་གཞུང་ལམ་སྲུང་སྐྱོང་དང་། བསྐྱར་སྐྲུན། བསྒྱུར་བཀོད་བཅས་ཀྱི་ལས་གྲྭའི་བྱ་དགའ་ཨང་གསུམ་པ་ཐོབ་ཡོད།